རྒྱ་ནག་གིས་དྲག་ཤུགས་ངོམ་པའི་དམག་རྩལ་སྦྱོར་བརྡར་བྱས་བ།
2014.05.30
རྒྱ་ནག་གིས་པེ་ཅིན་གྱི་དཔོན་རིགས་ཚོར་མ་གཏོགས་གཞན་ལ་བལྟ་རྒྱུའི་གོ་སྐབས་མེད་པའི་དྲག་ཤུགས་ངོམ་པའི་དམག་རྩལ་སྦྱོར་བརྡར་བྱས་འདུག
དེ་ཡང་རྒྱ་ནག་གི་གནམ་བདེ་སྒོ་མོའི་ཐང་ཆེན་དུ་དྲུག་བཞིའི་དོན་རྐྱེན་བྱུང་ནས་མི་ལོ་༢༥འཁོར་བའི་དམིགས་བསལ་དུས་དྲན་སླེབས་ལ་ཉེ་བའི་སྐབས་འདིར་རྒྱ་ནག་གི་ཉེན་རྟོག་དཔོན་རིགས་དང་། དམིགས་བསལ་རྩལ་སྦྱོང་བྱས་པའི་དཔུང་དམག་སྡེ་ཚན་གྱིས་ཁ་བྲལ་འཇིགས་སྐུལ་བར་གདོང་ལེན་བྱེད་ཐུབ་པའི་དཔའ་རྩལ་དང་། བརྗིད་ཉམས་ཀྱི་དམག་སྦྱོང་ཞིག་ཚེས༢༩ཉིན་བྱས་ཡོད་པ་དང་། དྲག་ཤུགས་ངོམ་པའི་དམག་རྩལ་སྦྱོང་བརྡར་དེ་བཞིན་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་དང་། པེ་ཅིན་གྱི་དཔོན་རིགས་ཚོར་མ་གཏོགས་གཞན་ལ་བལྟ་རྒྱུའི་གོ་སྐབས་སྤྲད་མེད་པ་དང་། དམག་རྩེད་སྦྱོང་བརྡར་དེའི་ནང་མི་མང་མང་པོས་དུས་གཅིག་ལ་ངོ་རྒོལ་བྱས་ཚེ་གདོང་ལེན་བྱེད་ཕྱོགས་དང་། བཙན་ཁྲིད་དང་འཇིགས་སྐུལ་བར་གདོང་ལེན་བྱེད་ཕྱོགས་སོགས་ཀྱི་དམག་རྩེད་ཡིན་ལུགས་པེ་ཅིང་བདེ་སྲུང་ཉེན་རྟོག་ལས་ཁང་གི་དྲ་རྒྱའི་ནང་བཀོད་ཡོད་འདུག
དམག་རྩེད་དེ་ནི་རྒྱ་ནག་གཞུང་གིས་འཇིགས་སྐུལ་བར་ཁ་གཏད་གཅོག་རྒྱུའི་གྲ་སྒྲིག་ཡོད་སྐོར་མང་ཚོགས་ལ་སྟོན་ཆེད་དུ་དམིགས་པ་ཞིག་ཡིན་པ་རེད། རེས་གཟའ་ལྷག་པའི་ཉིན་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་དམག་སྦྱོང་བལྟ་འདོད་ཡོད་ཚེ་ཐོ་འགོད་བྱེད་དགོས་པའི་བརྡ་ཁྱབ་བཏང་ཡོད་ཀྱང་། རེས་གཟའ་ཕུར་བུའི་ཞོགས་པ་དམག་རྩེད་དེ་བཞིན་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ལ་མ་གཏོགས་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་གོ་སྐབས་སྤྲོད་རྒྱུ་མིན་པའི་གསལ་བསྒྲགས་བྱས་འདུག
དེ་བཞིན་ཡང་ཟླ་བ་འདིའི་སྤྱི་ཚེས་༢༦ཉིན་རྒྱ་གཞུང་གིས་ཟི་ཁྲོན་ཞིང་ཆེན་དཀར་མཛེས་ཕྱོགས་སུ་། དྲག་ཆས་ཉེན་རྟོག་པ་དང་དམིགས་བསལ་ཉེན་རྟོག་པ། དམག་མི་བཅས་ཀྱིས་རང་ལུས་མེར་བསྲེགས་དང་ཁྲིམས་འགལ་འདུ་འཛོམས། ཟས་བཅད་ངོ་རྒོལ། མི་གསོད་འཕྲོག་བཅོམ་སོགས་ལ་རྒོལ་རྡུང་གཏོང་བའི་དྲག་རྩལ་སྦྱོང་བརྡར་བྱས་ཡོད་པ་མ་ཟད། མི་མང་གི་ཐོག་མེ་མདའ་དང་དུག་རྫས་དུག་རླངས་སོགས་བེད་སྤྱོད་གཏོང་སྟངས་རྔམ་སྟོན་བྱས་ཡོད་པ་དང་། སྦྱོང་བརྡར་དང་རྔམ་སྟོན་དེའི་ནང་རྒྱ་ནག་གི་འབྲེལ་ཡོད་ཚན་པས་ས་གནས་བོད་མི་མི་ཉུང་བ་མི་འདོད་བཙན་གྱིས་མཉམ་ཞུགས་བྱེད་དུ་བཅུག་ཡོད་པ་རེད།
གསར་འགོད་པ་ཚེ་དབང་དངོས་གྲུབ།