རྒྱལ་སྤྱིའི་སྐྱོན་བརྗོད་ལ་རྒྱ་ནག་གིས་རྩིས་མེད་བཏང་འདུག
2017.08.18
༄༅། །སྤྱི་ཚེས ༡༧ རེས་གཟའ་ཕུར་བུའི་ཉིན་ ཧོང་ཀོང་ཆེས་མཐོ་ཁྲིམས་ཁང་གིས་༢༠༡༤ལོའི་ཉི་གདུགས་ལས་འགུལ་འགོ་ཁྲིད་གནང་མཁན་སློབ་མ་གསུམ་ལ་ཡང་བསྐྱར་བཙོན་འཇུག་
ཁྲིམས་ཐག་བཅད་པར། སློབ་མའི་ལས་འགུལ་དེར་རྒྱབ་སྐྱོར་བྱེད་མཁན་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་རྒྱལ་སྤྱིའི་ཚོགས་ཁག་གིས། ཁོང་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དེ་ནི། པེ་ཅིང་གཞུང་གིས་ཧོང་ཀོང་ཐོག་སྔར་ལས་ལྷག་པའི་སྟངས་འཛིན་དང་། ཧོང་ཀོང་གི་ཁྲིམས་འཛིན་རང་དབང་ལ་ཉམས་རྒུད་བཏང་པ་ཞིག་མཚོན་ཡོད་ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད།
འོན་ཀྱང་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲུའུ་ཡིང་(Hua Chunying)གིས་ཧོང་ཀོང་བ་ཚོར་ ཐོབ་ཐང་དང་རང་དབང་ཆ་ཚང་ཡོད། ཡིན་ན་ཡང་ སུ་གང་གིས་དམངས་གཙོ་དང་རང་དབང་ལ་ཁ་གཡར་ནས་ཁྲིམས་འགལ་དྲག་པོའི་ལས་འགུལ་རིགས་སྤེལ་མི་ཆོག་ཅེས་དང་ ཧོང་ཀོང་ནི་རྒྱ་ནག་གི་དམིགས་བསལ་ས་ཁུལ་ཞིག་ཡིན་ལ་ ཕྱིའི་རྒྱལ་ཁབ་དག་གིས་ཧོང་ཀོང་གི་ལས་དོན་ལ་ཐེ་གཏོགས་བྱེད་ཚེ་རྒྱ་ནག་གཞུང་གིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ངེས་ཡིན་ཞེས་འཆར་ཅན་གྱི་གསར་འགོད་ལྷན་ཚོགས་སྐབས་བརྗོད་འདུག།
དེ་སྔ་ཧོང་ཀོང་ལ་དབང་བསྒྱུར་བྱེད་མཁན་དབྱིན་ཇིའི་གཞུང་གིས་ ཧོང་ཀོང་ཁྲིམས་ཁང་གི་བཅད་ཁྲ་དེས་མ་འོངས་པར་ཧོང་ཀོང་ནང་་ཁྲིམས་མཐུན་ངོ་རྒོལ་གྱི་ལས་འགུལ་འགོག་རྐྱེན་དུ་མི་འགྲོ་བའི་རེ་བ་ཡོད་ཅེས་དང་། དེ་བཞིན་ཨ་རི་གྲོས་ཚོགས་གོང་མའི་འཐུས་མི་དང་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ མཱར་ཀོ རུ་བྭིའོ་(Marco Rubio) ལགས་ཀྱིས་ཁོང་རྣམ་པ་གསུམ་ནི་ གུས་བཀུར་ཞུ་འོས་པའི་དམངས་གཙོ་རིང་ལུགས་པ་ཡིན་པ་ལས། བཙོན་འཇུག་བྱེད་རྒྱུའི་ཉེས་ཅན་པ་མ་རེད་ཅེས་གསུངས་གནང་འདུག དེ་མིན་རྒྱལ་སྤྱིའི་ཉེ་ཡང་ཚོགས་པས་ཀྱང་ཧོང་ཀོང་གཞུང་གི་ཉེས་མེད་ཉེས་འཛུགས་ཀྱི་བྱ་སྤྱོད་དེ་ནི་སྨྲ་བརྗོད་རང་དབང་དང་ཞི་བདེའི་འདུ་འཛོམས་བྱས་པར་འཁོན་ལན་སློག་པའི་རྡུང་རྡེག་ཅིག་རེད་ཅེས་
སྐྱོན་བརྗོད་བྱས་འདུག ལོ་སྔོན་མར་སློབ་དམངས་རླབས་རྒྱུན་རྩ་འཛུགས་མཁན་ཧུང་ཀྲི་ཧྥིན(Wong)དང་སློབ་མ་མཉམ་འབྲེལ་རྩ་འཛུགས་ཀྱི་དབུ་ཁྲིད་ལོའུ་ཀུན་ཙོན(Nathan Law)དང་ཀྲུག་ཡོན་ཁང(Alex Chow)གསུམ་ལ་ ཁྲིམས་འགལ་བསྡུ་སྐོང་དང་ངན་སྐུལ་བྱས་པའི་ཉེས་མིང་བཙུགས་ནས་སྤྱི་ཚོགས་ཞབས་ཞུའི་ཉེས་ཆད་བཏང་ཡང་། རྒྱ་ནག་གཞུང་ལ་ཕྱོགས་པའི་ཧོང་ཀོང་ས་གནས་གཞུང་གིས་ཆད་པ་དེ་ཡང་དྲགས་པར་ཁ་གཡོག་ནས་གོང་གཏུགས་བྱས་མཐར་ ཧུང་ཀྲི་ཧྥིན་ལ་ཟླ་དྲུག་དང་། ལོའུ་ཀུང་ཙོན་ལ་ཟླ་བརྒྱད་། ཀྲུག་ཡོན་ཁང་ལ་ཟླ་བདུན་བཅས་ཀྱི་བཙོན་འཇུག་ཉེས་ཆད་བཏང་འདུག༎
གསར་འགོད་པ་ཀརྨ་རྒྱ་མཙོ།