རྒྱ་ནག་གི་བོད་ཀྱི་ངོ་བོ་ནག་བསུབ་གཏང་རྒྱུའི་འབད་བརྩོན་ཁྲོད། བོད་མིའི་ངོ་བོ་རྒྱུན་འཛིན་གྱི་འཐབ་རྩོད།

2025.02.21
རྒྱ་ནག་གི་བོད་ཀྱི་ངོ་བོ་ནག་བསུབ་གཏང་རྒྱུའི་འབད་བརྩོན་ཁྲོད། བོད་མིའི་ངོ་བོ་རྒྱུན་འཛིན་གྱི་འཐབ་རྩོད། རྒྱ་ནག་གི་འགོ་ཁྲིད་ཚོའི་དཔར་རིས་མདུན་དུ་སོ་ཉུལ་དཔར་ཆས། ཟླ་ཚེས་མི་གསལ།
PBS

རྒྱ་ནག་གཞུང་གི་དྲག་གནོན་འོག་གི་བོད་ནང་གི་བོད་མིའི་དཀའ་ངལ་དང་། བཙན་བྱོལ་བོད་མིའི་རང་དབང་གི་འཐབ་རྩོད་རྒྱུན་སྐྱོང་གསལ་སྟོན་བྱེད་པའི་དངོས་བྱུང་གློག་བརྙན། བོད་ཀྱི་ཆེད་འཐབ་རྩོད། ཅེས་པ་ཉེ་ལམ་ཨིན་ཡུལ་གྱི་ (ITV) གསར་ཁང་གིས་རྒྱང་བསྲིང་གནང་པར་བོད་མི་རྣམས་ནས་དགའ་བསུ་དང་། རྒྱ་ནག་གཞུང་གིས་གློག་བརྙན་དེ་ཕྱིར་འཐེན་དགོས་པའི་གནོན་ཤུགས་སྤྲད་འདུག

སོ་ཉུལ་དཔར་ཆས་འོག་གི་བོད་མིའི་ལས་དབང་།

དེ་ཡང་བོད་ནི་ཨ་རིའི་རང་དབང་ཁང་པ་ (Freedom House) ཡི་སྙན་ཐོ་ལྟར་ན། འཛམ་གླིང་ནང་གི་ཆེས་རང་དབང་ཞན་པའི་རྒྱལ་ཁབ་ཀྱི་གྲས་སུ་གཏོགས་ཤིང་། རྒྱ་ནག་གཞུང་གིས་ཕྱི་ཕྱོགས་ཀྱི་རང་དབང་ཅན་གྱི་གསར་འགོད་པ་དང་མི་སྣ་སོགས་བོད་ནང་བསྐྱོད་རྒྱུར་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་ལ། དེ་ནི་བོད་ནང་གི་དངོས་ཡོད་གནས་སྟངས་སྤྱི་དང་། ལྷག་པར་དུ་བོད་མི་རྣམས་ཀྱི་འཚོ་བ་དང་། བསམ་ཚུལ་ངོ་མ་ཇི་ཡོད་ཕྱིར་གྱར་མི་འགྲོ་བའི་སླད་ཡིན། དེའི་ཆེད་རྒྱ་ནག་གཞུང་གིས་གསར་འགོད་པར་དམ་དྲག་ཙམ་མ་ཡིན་པར། བོད་མི་རྣམས་ཀྱི་ཉིན་རེའི་འཚོ་བའི་ཁྲོད་བྱ་ར་སོ་ཉུལ་ཤུགས་ཆེ་བྱེད་ཀྱི་ཡོད་པ་ནི། བོད་ནང་གི་ཁྲོམ་གཞུང་དང་། དགོན་སྡེ། སློབ་གྲྭ་སོགས་ས་གནས་གང་སར་རྒྱ་ནག་གཞུང་གིས་སོ་ལྟའི་དཔར་ཆས་ཧ་ཅང་འཕོན་ཆེ་གསར་བཙུགས་དང་། དྲྭ་ཐོག་ཏུ་བོད་མི་ཚོས་གནས་ཚུལ་འགྲེམས་སྤེལ་དང་། ཕན་ཚུན་ཁ་བརྡ་ཇི་བྱེད་སོགས་ཀྱི་ཐད་དོ་དམ་ནན་པོ་བྱས་ཏེ། བོད་ནང་གི་གནས་སྟངས་ཕྱིར་བསྒྲགས་མི་འགྲོ་བའི་བཀག་སྡོམ་ཆེན་པོ་བྱེད་བཞིན་ཡོད་པ་སོགས་ལས་མངོན་གསལ་ཐུབ་པ་ཡིན།

WhatsApp Image 2025-02-21 at 16.53.56_d75950cf.jpg
ཕོ་བྲང་པོ་ཏ་ལའི་མདུན་དུ་སོ་ཉུལ་དཔར་ཆས།

བོད་ཀྱི་ཆེད་འཐབ་རྩོད། ཅེས་པའི་དངོས་བྱུང་གློག་བརྙན་ནང་དུ་གློག་བརྙན་བཟོ་སྐྲུན་པ་དགོས་པའི་དབང་གིས་ཅང་ཞེས་མིང་བཏགས་པ་ཞིག བོད་ནང་གི་དངོས་ཡོད་གནས་སྟངས་ཇི་ཡིན་རྟོགས་ཞིབ་སླད་བོད་དུ་ཕྱིན་ནས་གསང་སྟབས་ཀྱིས་དཔར་ལེན་བྱས་ཏེ་བོད་ཀྱི་གནས་སྟངས་གསལ་སྟོན་བྱས་འདུག དེ་ཡང་གསར་འགོད་པ་བོད་ནང་འབྱོར་བ་དང་ལྟ་བཤེར་བྱ་ཡུལ་ས་ཚིགས་མང་ཞིང་། མི་ཊར་ ༥༠༠ རེའི་མཚམས་སུ་ཚད་མཐོའི་འཕྲུལ་ཆས་ཀྱི་བྱ་རའི་མཐུན་རྐྱེན་ལྡན་པའི་ཉེན་རྟོག་ལས་ཁུངས་རེ་ཡོད་པ་མ་ཟད། ས་གནས་གང་སར་སོ་ཉུལ་དཔར་ཆས་མཐོང་རྒྱུ་ཡོད་པས། ཁོང་གིས་འདི་རུ་བྱ་ར་སོ་ཉུལ་དང་ལྟ་བཤེར་ཧ་ཅང་དམ་པོ་འདུག་ཅེས་ཟེར་བཞིན། ད་དུང་ཁོང་གིས་ས་གནས་སུ་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་པར་མཇལ་རྒྱུ་མེད་པ་དང་༸གོང་ས་མཆོག་གི་སྐོར་ཤོད་མཁན་མེད་པའི་རྒྱུ་མཚན་གང་ཡིན་དྲིས་པར། སྣུམ་འཁོར་གཏོང་མཁན་ཞིག་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐོར་རྒྱ་ནག་གཞུང་གིས་བཤད་འཇུག་གི་མེད་ཅེས་བརྗོད་ཀྱི་འདུག

གཞན་ཡང་གསར་འགོད་པ་ཅང་ལ་སྣུམ་འཁོར་གཏོང་མཁན་ཞིག་གིས་བཤད་དོན་ལ། རྒྱ་ནག་གཞུང་གིས་བོད་མིའི་གྲོང་གསེབ་གང་སར་དམར་ཤོག་ཚོགས་པའི་ཚོགས་མི་འགྲེམས་འཇོག་བྱས་ཡོད་པ་མ་ཟད། སྲིད་འཛིན་ཞི་ཅིན་ཕིང་གི་དཔར་བགོ་འགྲེམས་བྱས་ཏེ་ནང་དུ་འཇོག་དགོས་པའི་བཙན་སྐུལ་གཏོང་གི་ཡོད་པ་བཤད་འདུག་ལ། དེ་མཚུངས་གསར་འགོད་པ་དེ་ཉིད་བོད་ཀྱི་དགོན་སྡེ་ཁག་ཅིག་ཏུ་བསྐྱོད་སྐབས་དགོན་པའི་ནང་དུ་འཛུལ་བར་གདོང་བཤེར་བྱེད་དགོས་པ་མ་ཟད། ཕྱིར་བསྐྱོད་ལག་འཁྱེར་ཡང་བསྟན་དགོས་པ་དང་། དགོན་པའི་ནང་དུའང་སོ་ཉུལ་དཔར་ཆས་མང་པོ་ཡོད་པ་མཐོང་རྒྱུ་ཡོད་སྐོར་བརྗོད་འདུག གནད་དོན་དེ་དང་འབྲེལ་ཏེ་ (SecDev Group) ཚོགས་པའི་དྲྭ་ཐོག་བདེ་འཇགས་ཀྱི་ཆེད་མཁས་པ་གྷེ་རེག་ཝ་ཀྲོན་ (Greg Walton) གྱིས། རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་ལ་བྱ་ར་ཚད་མཐོ་པོ་བྱེད་ཀྱི་ཡོད་པ་དང་། དེ་ནི་སྤྱི་ཚོགས་ཁྱོན་ཡོངས་སུ་འཇིགས་སྣང་སྐུལ་ཆེད་ཡིན་པ་འགྲེལ་བརྗོད་གནང་གི་འདུག་ལ། དེ་མ་ཚད་ཁོང་གིས་རྒྱ་གཞུང་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་སོགས་ནག་ཉེས་སུ་བརྩི་ཡི་ཡོད་པ་དང་། བྱ་ར་སོ་ཉུལ་དེ་བོད་རིགས་རྒྱ་རིགས་སུ་བསྒྱུར་རྒྱུའི་ལས་གཞིའི་ཁྲོད་གལ་ཆེ་ཤོས་ཆགས་ཡོད་པ་འགྲེལ་བརྗོད་གནང་འདུག

WhatsApp Image 2025-02-21 at 16.53.57_1ef08d3f.jpg
སོ་ཉུལ་དཔར་ཆས།

གཞན་ཡང་གསར་འགོད་པས་བོད་རིགས་མཐོ་རིམ་ལས་བྱེད་ཅིག་དང་ཐུག་འཕྲད་སྐབས་རྒྱ་ནག་གཞུང་གིས་བོད་རིགས་ལས་བྱེད་པ་རྣམས་ནས་ཆོས་བྱེད་རྒྱུར་དམ་དྲག་བྱེད་ཀྱི་ཡོད་པ་དང་། ལས་བྱེད་པ་ཡིན་ན་དགོན་པར་མཆོད་མཇལ་དུ་བསྐྱོད་མི་ཆོག་པའི་ཁྲིམས་སྒྲིག་ཡོད་པ་གསལ་བཤད་དང་། ཁོས་དེ་སྔ་ཡིན་ན་བོད་རིགས་ལས་བྱེད་རྣམས་དགོན་པར་མཆོད་མཇལ་དུ་འགྲོ་ཆོག་ཀྱང་ད་ཆ་འགྲོ་རྒྱུར་འཇིགས་ཀྱི་འདུག གལ་ཏེ་ལྟ་སྲུང་དཔར་ཆས་ཀྱིས་འཇུས་པ་ཡིན་ན་ནག་ཉེས་ཕོག་རྒྱུ་རེད་ཅེས་བཤད་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་དབང་སྒྱུར་འོག་རྒྱ་ནག་གི་ངོ་བོ་གཅིག་ཏུ་བསྡུས་ཏེ། གྲངས་ཉུང་མི་རིགས་ཀྱི་རིག་གཞུང་ངོ་བོ་དང་བཅས་པ་སིམ་ཡལ་དུ་གཏང་རྒྱུའི་འཆར་གཞི་ལག་བསྟར་བྱེད་བཞིན་པའི་དུས་སུ། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་བོད་ཀྱི་ངོ་བོ་མེད་པ་བཟོས་ཏེ་བོད་ཀྱི་རིག་གཞུང་རྒྱ་ནག་ཅན་དུ་བཙན་སྒྱུར་དང་། མི་རིགས་རྒྱ་བསྒྱུར་གྱི་སྲིད་བྱུས་སྤེལ་བཞིན་ཡོད་ཅིང་། དེ་ནི་བོད་མིའི་ངོ་རྒོལ་མཚམས་འཇོག་དང་རྒྱ་ནག་དམར་ཤོག་ཚོགས་པའི་དབང་སྒྱུར་སྲ་བརྟན་ཆེད་ཡིན་པ་ཆེད་མཁས་པས་གསུངས་ཡོད། དེ་ཡང་གསར་འགོད་པ་ཅང་གིས་བོད་ནང་ཡུན་རིང་གནས་སྡོད་བྱེད་མཁན་རྒྱ་རིགས་ཤིག་ལ་བཅར་འདྲི་བྱེད་དུས། ཁོས་རྒྱ་ནག་གཞུང་གི་མཐའ་མའི་དམིགས་ཡུལ་དེ་བོད་མི་རྣམས་ཧན་རྒྱ་རིགས་སུ་བསྒྱུར་ཏེ་དཀའ་ངལ་མེད་པ་བཟོ་རྒྱུ་དེ་རེད་ཅེས་བཤད་འདུག །

མི་རབས་གསར་པར་རྒོལ་བ།

རྒྱ་ནག་གཞུང་གིས་བོད་ཀྱི་འཐབ་རྩོད་ནུས་མེད་བཟོ་བར་དམིགས་ས་གཙོ་བོ་ཞིག་ནི་བོད་མི་གཞོན་སྐྱེས་རྣམས་ཡིན་ཞིང་། དམིགས་ཡུལ་དེ་སྒྲུབ་ཆེད་རྒྱ་ནག་གཞུང་གིས་རིམ་པ་བཞིན་བོད་ནང་གི་སྒེར་གཉེར་བོད་ཀྱི་རིག་གཞུང་སློབ་གྲྭ་ཁག་སྒོ་བརྒྱབ་བཅུག་པ་དང་། དགོན་སྡེ་ཁག་གི་བསླབ་གཞི་དང་དགེ་འདུན་པའི་གྲངས་ཚད་ལ་དོ་དམ་ཚད་འཛིན་བྱས་ཏེ། བོད་ཕྲུག་རྣམས་གཞུང་གཉེར་བཅའ་སྡོད་སློབ་གྲྭར་བཙན་འཇུག་གིས་རྒྱ་སྐད་དང་། ཆབ་སྲིད་ཀྱི་སློབ་གསོ་སྤྲད་དེ་བོད་ཕྲུག་རྣམས་རྒྱ་རིགས་སུ་སྒྱུར་ཐབས་བྱེད་བཞིན་ཡོད། དེ་ཡང་བོད་གནས་ལྟ་ཞིབ་ཁང་གིས་འདོན་སྤེལ་གནང་བའི་སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་ལོ་ན་བཞི་ནས་བཅོ་བརྒྱད་བར་གྱི་བོད་ཕྲུག་ས་ཡ་གཅིག་ལྷག་མི་སེར་སྤེལ་ཡུལ་བཅའ་སྡོད་སློབ་གྲྭར་བཙན་འཇུག་བྱེད་བཞིན་ཡོད་གསལ་སྟོན་གནང་ཡོད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་པས་ཀྱང་བོད་ནང་གི་བཅའ་སྡོད་སློབ་གྲྭའི་གནས་སྟངས་སྤྱི་དང་། ཁྱད་པར་བོད་ཕྲུག་ས་ཡ་གཅིག་ལྷག་ཕ་མ་དང་ཁ་བྲལ་དུ་བཏང་སྟེ་བཅའ་སྡོད་སློབ་གྲྭར་ལྟ་བའི་སློབ་གསོ་སྤྲོད་བཞིན་པར་བློ་འཚབ་བསྟན་ཡོད་པ་རེད།

1096139697_CBS.jpg
བོད་ནང་གི་སློབ་གྲྭ

སྤྱི་ཚོགས་རིག་པའི་འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་རྒྱ་ནག་གིས་མི་སེར་སྤེལ་ཡུལ་བཅའ་སྡོད་སློབ་གྲྭ་བརྒྱུད་དེ་བོད་ཕྲུག་རྣམས་ཀྱི་རྒྱུད་ལ་དམར་ཤོག་གི་ལྟ་བ་དང་རྒྱ་ནག་གི་རིག་གཞུང་འཇགས་ཐབས་འབད་རྩོལ་བྱེད་ཡོད་པ་གསུངས་ཀྱི་འདུག་ཅིང་། རྒྱལ་ལོ་ལགས་ནས་དེ་སྔ་བོད་དུ་བཅའ་སྡོད་སློབ་གྲྭ་ལྔ་བཅུ་ལྷག་ཏུ་ཆེད་ཕེབས་ཀྱིས་གནས་སྟངས་རྒྱུས་ལོན་གནང་སྐབས་སློབ་གྲྭ་དེ་ཚོའི་ནང་སློབ་ཕྲུག་ཚོར་རྒྱ་ནག་གི་བསམ་ཚུལ་དང་རྒྱལ་ཞེན་སློབ་གསོ་སྤྲད་དེ་བོད་ཕྲུག་ལོ་ཆུང་རྣམས་ཀྱི་འཇིག་རྟེན་ལྟ་ཚུལ་འགྱུར་བ་བཏང་ནས་རྒྱ་རིགས་སུ་བཙན་སྒྱུར་གཏོང་གི་ཡོད་པ་ཤེ་རྟོགས་བྱུང་འདུག

གསར་འགོད་པ་ཅང་གིས་བོད་ནང་རྒྱ་གཞུང་གི་ཐབས་བྱུས་དེའི་ནུས་པ་ཐོན་བཞིན་པ་མཐོང་འདུག་ཅིང་། ས་གནས་ཀྱི་བོད་མི་ཨ་མ་ཞིག་གིས་ཁོར་བཤད་དོན་ལ། མོའི་ཕྲུ་གུ་ས་གནས་ཀྱི་སློབ་གྲྭར་འགྲོ་གི་ཡོད་པ་དང་ཕྲུ་གུས་སྔོན་འགྲོ་སློབ་གྲྭ་ནས་བཟུང་རྒྱ་སྐད་ལས་བོད་སྐད་རྒྱག་གི་མེད་པ་མ་ཟད། ཕྲུ་གུ་ཚོས་བོད་སྐད་ཐོག་ལན་སློག་ཐུབ་ཀྱི་མི་འདུག་ཅེས་བཤད་འདུག གལ་ཏེ་གནས་སྟངས་དེ་ལྟར་འབྱུང་འགྱུར་མུ་མཐུད་ལོ་བཅོ་ལྔ་ནས་ཉི་ཤུའི་རིང་གནས་པ་ཡིན་ན་བོད་ཀྱི་རིག་གཞུང་དང་ངོ་བོ་རྩ་མེད་འགྲོ་རྒྱུ་ཡིན་པ་འབུམ་རམས་པ་རྒྱལ་ལོ་ལགས་ནས་འགྲེལ་བརྗོད་གནང་གི་འདུག 

ཆོས་མེད་སྨྲ་བས་ཆོས་ལ་ཐེ་བྱུས།

ཆོས་དུག་ཏུ་ངོས་འཛིན་བྱེད་མཁན་རྒྱ་ནག་དམར་ཤོག་གཞུང་གིས་རང་གི་ཆབ་སྲིད་ཀྱི་ཁེ་དབང་ཆེད་བོད་བརྒྱུད་ནང་བསྟན་ལ་ཐེ་བྱུས་དང་། ལྷག་པར་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐོག་ཐེ་བྱུས་བྱེད་འགོ་བཙུགས་ཏེ། ཕྱི་ལོ་ ༢༠༠༧ ལོར་བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་དོ་དམ་བྱེད་ཐབས་ཀྱི་བཀའ་རྒྱ་ཨང་ལྔ་པ་ཞེས་པ་གཏན་འབེབས་ལག་བསྟར་བྱ་འགོ་བཙུགས་ཏེ་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་ལ་སྟངས་འཛིན་དང་། དེར་རྒྱ་ནག་གཞུང་ནས་ཆོག་མཆན་དགོས་སྐོར་སྒྲིག་གཞི་གཏན་འབེབས་བྱས་ཡོད།

དངོས་བྱུང་གློག་བརྙན་དེའི་ནང་རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་ཐོག་ནས་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་གནང་སྒོར་ཐེ་བྱུས་བྱེད་བཞིན་པ་གསལ་སྟོན་བྱས་པ་ལྟར་ན། ཕྱི་ལོ་ ༡༩༨༩ ལོར་པཎ་ཆེན་སྐུ་ཕྲེང་བཅུ་པ་དགོངས་པ་རྫོགས་རྗེས་ཕྱི་ལོ་ ༡༩༩༥ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་(དགེ་འདུན་ཆོས་ཀྱི་ཉི་མ་)ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གནང་ཡོད་ནའང་། རྒྱ་ནག་གཞུང་གིས་ཡང་སྲིད་རིན་པོ་ཆེ་ངོས་ལེན་མ་བྱས་པར་རྒྱ་ནག་རང་གིས་གསེར་འབུམ་དཀྲུག་འདོན་བྱ་ཁུལ་གྱིས་དམར་ཤོག་ཚོགས་པའི་བོད་རིགས་ལས་བྱེད་ཀྱི་ཕྲུ་གུ་རྒྱལ་མཚན་ནོར་བུ་ཟེར་བ་ཞིག་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དུ་བདམས། དེ་ནི་མ་འོངས་པར་༸རྒྱལ་བ་སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་ངོས་འཛིན་ཆེད་སྔ་ལྟས་ནས་རྒྱ་ནག་གིས་གྲ་སྒྲིག་བྱེད་པ་ཞིག་ཡིན་སྐོར་གནས་ཚུལ་དབྱེ་ཞིབ་པ་ཚོས་ངོས་འཛིན་གནང་གི་ཡོད།

WhatsApp Image 2025-02-21 at 17.01.35_e277334d.jpg
པཎ་ཆེན་རིན་པོ་ཆེའི་སྐུ་པར་ལ་གཟིགས་བཞིན་པ།

ཡང་སྲིད་ངོས་འཛིན་ལས་དོན་ནང་དངོས་སུ་མཉམ་ཞུགས་གནང་མྱོང་མཁན་ཨ་ཀྱཱ་རིན་པོ་ཆེ་ནས། ཡང་སྲིད་ངོས་འཛིན་ལས་དོན་དེ་རྒྱ་མི་དཔོན་རིགས་ཚོས་ཐེ་བྱུས་ཀྱིས་ཚུལ་མཐུན་བྱུང་མེད་པ་དང་། རྒྱ་ནག་གིས་རྒྱལ་མཚན་ནོར་བུ་སྔོན་ཚུད་ནས་བདམས་ཟིན་ཞིང་། དེ་རྗེས་པེ་ཅིང་དུ་གསོ་སྐྱོང་བྱས་ཏེ་རྒྱ་ནག་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཏུ་གྱུར་ཡོད་པ་གསུངས་ཡོད་ལ། རྒྱ་ནག་གིས་རྒྱལ་མཚན་ནོར་དུ་བདམས་པའི་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་གནང་བའི་ཡང་སྲིད་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ནང་མི་དང་བཅས་པ་གར་སོང་ཆ་མེད་གྱུར་ཡོད་པ་མ་ཟད། ཡང་སྲིད་འཚོལ་ཞིབ་གནང་མཁན་གཙོ་བོ་བྱ་བྲལ་རིན་པོ་ཆེ་ཡང་གར་སོང་ཆ་མེད་དུ་གྱུར་ཡོད།

བོད་དོན་ཉམས་ཞིབ་པ་ (Kate Saunders) ཀེ་ཊེ་སུན་དར་ལྟར་ན། རྒྱ་ནག་གཞུང་གིས་པཎ་ཆེན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་གར་སོང་ཆ་མེད་དུ་མ་གཏང་སྔོན་གྱི་སྐུ་པར་ད་བར་གཅིག་ལས་ལག་སོན་ཐུབ་མེད་པ་དང་། ཁོ་མོར་རག་པའི་སྐུ་པར་དེ་ངོ་མ་ཡིན་ན། དེའི་ནང་ཁོང་ཡབ་ཀྱི་པང་དུ་བཞུགས་ཡོད་པ་དང་། ཁོང་ལ་གནམ་གྲུའི་རྩེད་ཆས་ཤིག་འདུག་ཅིང་། སྐབས་དེར་ཁོང་ལོ་ན་ ༡༠ ནས་ ༡༡ བར་ཡིན་ཚོད་འདུག་ཅེས་གསུངས་འདུག

_df87c897-d7ac-499a-8c7d-80c784260251.jpg
ཀེ་ཊིར་ལག་སོན་བྱུང་བའི་སྐུ་པར།

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བདམས་པའི་རྗེས་ཨ་ཀྱཱ་རིན་ཆེར་ཁོང་གི་དགེ་རྒན་བྱེད་དགོས་པར་སྐུལ་འདུག་ནའང་རིན་པོ་ཆེ་རང་ཉིད་ཀྱི་དད་བཀུར་མེད་པའི་མི་སྣ་ཞིག་འོག་ཏུ་བཞུགས་འདོད་མ་བྱུང་བར་བཙན་བྱོལ་དུ་ཕེབས་ཏེ། ད་ལྟ་ཨ་རིར་བཞུགས་བཞིན་ཡོད།

ད་ལྟ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ན་བགྲེས་སུ་ཕེབས་བཞིན་པའི་སྐབས་འདིར་རྒྱ་ནག་གཞུང་གིས་མགོན་པོ་མཆོག་གི་ཡང་སྲིད་ངོས་འཛིན་ལ་ཐེ་བྱུས་བྱ་རྒྱུར་སྒུག་ནས་བསྡད་ཡོད་ལ། དེའི་ཆེད་གྲ་སྒྲིག་གང་གཟབ་བྱེད་བཞིན་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་ ༡༠༡༡ ཟླ་བ་ ༩ ཚེས་ ༢༤ ཉིན་ཡང་སྲིད་སྐོར་ཡོངས་ཁྱབ་གསལ་བསྒྲགས་སྩལ་གནང་ཡོད་པ་དང་། དེའི་ནང་། རྒྱལ་དབང་སྐུ་ཕྲེང་རྗེས་མ། ཇི་ལྟར་གོང་དུ་བརྗོད་ཟིན་པ་བཞིན་སླར་ཡང་ཡང་སྤྲུལ་སྲིད་པ་གཟུང་རྒྱུ་ནི་གོང་མ་རང་ཉིད་ཀྱིས་རང་དབང་གིས་སམ་མཐའ་མར་ཡང་ལས་བསོད་སྨོན་ལམ་གྱི་དབང་གིས་སྐྱེ་བ་བླང་དགོས་པ་ཞིག་ཡིན་སྟབས། དེ་གང་དུ་ཇི་ལྟར་སྐྱེ་བ་དང༌། ཐབས་ཚུལ་ཇི་ལྟ་བུས་ངོས་འཛིན་བྱེད་པ་བཅས་ནི་ཡང་སྲིད་སྐྱེ་བ་འཛིན་མཁན་གྱི་གང་ཟག་ཉིད་ལ་ཐུན་མིན་དུ་དབང་བ་ཞིག་ལས། གཞན་སུས་ཀྱང་བཙན་དབང་དང༌། གནོན་ཤུགས། རང་འདོད་ལྟར་གང་བྱུང་བྱ་ས་མེད་པ་ནི་བདེན་པའི་གནས་ཚུལ་ཡིན། ལྷག་པར་དུ་ཡང་སྤྲུལ་གྱི་རྣམ་གཞག་ལྟ་ཞོག སྐྱེ་བ་སྔ་ཕྱི་ཙམ་ཡང་བསམ་བཞིན་ཁས་ལེན་མི་བྱེད་པའི་ཆབ་སྲིད་དབང་འཛིན་པ་རྣམས་ཀྱིས་བླ་མའི་ཡང་སྤྲུལ་སྤྱི་དང༌། ཁྱད་པར་རྒྱལ་བ་ཡབ་སྲས་ཀྱི་ཡང་སྤྲུལ་ངོས་འཛིན་ལ་དབང་ཤུགས་ཁོ་ནས་ཐེ་བྱུས་བྱེད་པ་ནི་ཆེས་མ་འཚམས་ཤིང༌། སོ་སོའི་ཆབ་སྲིད་ཀྱི་ལྟ་གྲུབ་དང་ཡང་རྒྱབ་འགལ་དུ་སོང་བའི་རྫུན་སྤྱོད་ངན་གཡོ་ངོ་ཚ་བྲལ་བ་ཞིག་ཡིན་པ་ཀུན་གྱི་མཐོང་ཆོས་སུ་གྲུབ་གཤིས། དེ་རིགས་བྱུང་ཚེ་དེ་ལ་བོད་མི་རིགས་དང༌། བོད་བརྒྱུད་ནང་བསྟན་རྗེས་འཇུག་གི་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ནས་ནམ་ཡང་ངོས་ལེན་དང༌། མོས་མཐུན་བྱེད་ཐབས་མེད། ཅེས་རྒྱ་ནག་གཞུང་གིས་རང་ཉིད་ཀྱི་ཆབ་སྲིད་ཀྱི་དགོས་མཁོའི་ཆེད་༸རྒྱལ་བའི་ཡང་སྲིད་བཀོལ་སྤྱོད་བྱེད་ཐབས་ལ་ངོས་བཞེས་གནང་རྒྱུ་མིན་པ་གསལ་བཤད་གནང་ཡོད།

AP11031006890.jpg
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག

དེ་མ་ཟད་མགོན་པོ་གང་ཉིད་རྗེ་དགེ་འདུན་གྲུབ་ཀྱི་དགུང་གྲངས་ཙམ་དུ་ཕེབས་སྐབས་བོད་མི་མཚོན་པའི་དད་ལྡན་པ་རྣམས་གོ་བསྡུར་གནང་སྟེ་རྒྱལ་དབང་སྐུ་ཕྲེང་མུ་མཐུད་དགོས་མིན་བསྐྱར་ཞིབ་ཐག་གཅོད་གནང་རྒྱུ་དང་། གལ་ཏེ་རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་པ་དང༌། སྐུ་ཕྲེང་བཅོ་ལྔ་པ་ཡང་སྲིད་ངོས་འཛིན་བྱ་དགོས་ཀྱི་དུས་སྐབས་ཤིག་ཤར་ཚེ་དེའི་བྱེད་སྒོའི་འགན་ཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་དང༌། ཁོ་ཚོས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང༌། རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྤྲུལ་རྩད་གཅོད་ངོས་འཛིན་སྔོན་སྲོལ་བཞིན་བྱེད་དགོས་པ་དང༌། མགོན་པོ་མཆོག་ནས་ཀྱང་བྱེད་ཕྱོགས་དེ་དག་ལམ་སྟོན་གསལ་བཀོད་ཀྱི་ཡིག་འཇོག་བྱ་རྒྱུ་ཡིན་ཞིང༌། དེ་ལྟར་ཚུལ་མཐུན་རྩད་གཅོད་ངོས་འཛིན་བྱུང་བའི་ཡང་སྤྲུལ་ཞིག་ལས་གཞན་དུ་སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དབང་འཛིན་པས་མཚོན། སྲིད་དབང་འཛིན་པ་སུ་ཞིག་གིས་ཡང་སྤྲུལ་འདེམས་སྒྲུག་བྱས་པ་བྱུང་ཚེ་དེ་ལ་སུས་ཀྱང་རྒྱལ་བའི་ཡང་སྤྲུལ་དུ་ངོས་འཛིན་དང་དད་མོས་བྱེད་མི་དགོས་པའི་ལམ་སྟོན་མཛད་ཡོད་པ་རེད།

ཡང་སྐབས་གཞན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་གྲངས་ ༩༠ ཙམ་ལ་ཡང་སྲིད་སྐོར་བཀའ་གནང་རྒྱུ་ཡིན་པ་གསུངས་ཡོད་པས། ཕྱི་ལོ་ ༢༠༢༥ ཟླ་བ་ ༠༧ ཚེས་ ༠༦ ཉིན་མགོན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ལ་ཕེབས་ཀྱི་ཡོད་པ་དང་། མི་མང་པོ་ཞིག་གིས་མགོན་པོ་མཆོག་ནས་ཡང་སྲིད་ཕེབས་ཕྱོགས་སྐོར་བཀའ་གནང་བའི་རེ་བ་ཞུ་གི་ཡོད།

ཨ་ཀྱཱ་རིན་པོ་ཆེས་ད་ལྟ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་མཐོ་རུ་ཕེབས་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་ཆེར་བྱས་པ་བཞིན་༸གོང་ས་མཆོག་གི་སྐུ་ཕྲེང་བཅོ་ལྔ་པར་ཐེ་བྱུས་བྱ་རྒྱུ་གཏན་འཁེལ་ཡིན་གསུང་གི་འདུག ། 

༸གོང་ས་༸ཏཱ་ལའི་བླ་མ་དང་། བོད། རྒྱ་ནག

རྒྱ་ནག་དམར་ཤོག་གཞུང་གིས་ཕྱི་ལོ་ ༡༩༥༠ ང་གྲངས་ནས་བོད་ས་བཙན་བཟུང་བྱ་འགོ་བཙུགས་རྗེས་ཕྱི་ལོ་ ༡༩༥༩ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་བོད་མི་ཁྲི་ཕྲག་འགའ་ཤས་བཙན་བྱོལ་དུ་ཕེབས་ཤིང་། ཕྱི་ལོ་ ༡༩༧༩ ནས་བཟུང་༸གོང་ས་མཆོག་དང་རྒྱ་ནག་བར་འབྲེལ་བ་སླར་གསོ་བྱུང་རྗེས་རིམ་བཞིན་མགོན་པོ་མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་དབུ་མའི་ལམ་གྱི་དགོངས་བཞེད་མཛད་པ་དང་། དགོངས་བཞེད་དེའི་འོག་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་འཚུད་པའི་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་སྤྲད་ན། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་ཏུ་གནས་རྒྱུའི་ཞལ་བཞེས་གནང་ཡོད།

AP11041913766.jpg
སྐུ་པར་མདུན་དུ་མཆོད་འབུལ་གནང་བཞིན་པ།

དེ་ལྟ་ནའང་རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མུ་མཐུད་རྒྱ་ནག་གི་ཁ་གཏད་ཡིན་པ་སྒྲོག་ཅིང་། ལྷག་པར་ཕྱི་ལོ་ ༡༩༩༠ གྲངས་ནས་བཟུང་རྒྱ་ནག་གིས་༸གོང་ས་མཆོག་དང་བོད་ཐོག་སྲིད་བྱུས་འཛིན་སྟངས་མཁྲེགས་སུ་བཏང་སྟེ། མགོན་པོ་མཆོག་ལ་མཚན་སྨད་དང་ཁོང་གི་མཚན་སྙན་མེད་པ་བཟོ་ཐབས་ཀྱི་ལས་འགུལ་གཞི་རྒྱ་ཆེ་རུ་བཏང་། དེ་ཡང་བོད་དོན་ཐོག་མཁས་པ་སློབ་དཔོན་རོ་བྷཊ་བྷ་ནཊ་ (Robert Barnett) ལགས་སུ་ཕྱི་ལོ་ ༡༩༩༤ ལོར་རྒྱ་ནག་གཞུང་གིས་བོད་དང་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཐོག་སྲིད་བྱུས་འཛིན་ཕྱོགས་དང་འབྲེལ་བའི་ནང་ཁུལ་སྲིད་བྱུས་ཡིག་ཆ་ལག་སོན་བྱུང་བའི་ཁོངས། དུས་རབས་གསར་པར་སྣེ་འཁྲིད་མཁན་གསེར་གྱི་ཟམ་པ་ (A Golden Bridge Leading into a New Era) ཞེས་པའི་ནང་། རྒྱ་ནག་གིས་༸གོང་ས་མཆོག་དང་བོད་ཐོག་སྲིད་བྱུས་དེ་ཞི་འཇམ་ནས་མཁྲེགས་བཟུང་ཅན་དུ་གཏང་རྒྱུའི་སྐོར་གསལ་ཞིང་། དེའི་ནང་གཙོ་བོ་ཁ་བྲལ་རིང་ལུགས་ལ་དགག་བྱ་བྱེད་པར་ཏཱ་ལའི་རུ་ཁག་ལ་དགག་པ་རྒྱག་དགོས་སྐོར་དང་། དེ་དང་འབྲེལ་ཏེ་སྦྲུལ་གསོད་པར་ཐོག་མར་མགོ་གཏུབ་དགོས་པའི་དཔེ་སྦྱར་ཤིང་། གལ་ཏེ་དེ་ལྟར་ལག་བསྟར་མ་ཐུབ་ན་ཁ་བྲལ་རིང་ལུགས་མེད་པ་བཟོ་མི་ཐུབ་པའི་སྐོར་གསལ་ཡོད་པ་རོ་བྷཊ་ལགས་ནས་འགྲེལ་བརྗོད་གནང་གི་འདུག དེ་བཞིན་རོ་བྷཊ་ལགས་ཀྱིས་སྲིད་བྱུས་དེའི་རྗེས་སུ་རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཟི་སྦྱིན་དང་ནུས་པ་ཉམས་དམས་སུ་གཏོང་སླད་མགོན་པོ་གང་ཉིད་ལ་མཚན་སྨད་མུ་མཐུད་ཞུ་རྒྱུ་འགོ་བཙུགས་ཡོད་པ་གསུངས་འདུག

༸གོང་ས་༸སྐྱབས་མགོན་པོ་མཆོག་ནས་ཡང་ཡང་བོད་རང་བཙན་རྩོད་གནང་གི་མེད་པར་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་ཡོང་ཐབས་སྐོར་གསུང་གི་ཡོད་ནའང་། རྒྱ་ནག་གཞུང་གིས་མུ་མཐུད་མགོན་པོ་མཆོག་གིས་ཁ་བྲལ་རྩོད་ཀྱི་ཡོད་པར་བཤད་དེ་མགོན་པོ་མཆོག་དང་ཁོང་གི་སྐུ་ཚབ་ལྷན་ཕྱི་ལོ་ ༢༠༡༠ ནས་འབྲེལ་བ་བཅད། དངོས་བྱུང་གློག་བརྙན་ནང་དུ་རྒྱ་ནག་གི་ཕྱོགས་གཏོགས་སུ་ཤོད་མཁན་བེག་ཊར་གའུ་ (Victor Gao) ཡིས་རྒྱ་ནག་གིས་ཡོངས་གྲགས་ཤོད་བཞིན་པ་བསྐྱར་བཟློས་ཀྱིས། རྒྱ་ནག་ཅེས་པ་གཅིག་ལས་མེད་ཅིང་། བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་ལུགས་དང་། བོད་རང་བཙན་འཐབ་རྩོད་བྱེད་མཁན་ལ་ཕམ་ཉེས་འགྲོ་རྒྱུ་ཡིན་སྐོར་བཤད་འདུག །

འགོག་རྒོལ།

རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་ཏེ། བོད་ཀྱི་ཆོས་དང་རིག་གཞུང་ངོ་བོ་རྩ་མེད་གཏོང་བྱུས་བྱེད་བཞིན་པ་མ་ཟད། བོད་མིའི་འགྲོ་འཆག་ཉལ་འདུག་སྤྱོད་ལམ་སྤྱི་ལ་སོ་ཉུལ་དམ་དྲག་ཚད་ལས་བརྒལ་བ་བྱས་རྐྱེན་ད་བར་བོད་མི་གྲངས་ ༡༥༠ ལྷག་ནས་རྒྱ་གཞུང་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེར་སྲེག་བཏང་ཡོད་པ་དང་། ངོ་རྒོལ་བ་ཕལ་མོ་ཆེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས་པའི་རེ་འདུན་འབོད་སྒྲ་བསྒྲགས་ཡོད། 

ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས་ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༡ ཉིན་ཁོང་གི་སྤུན་མཆེད་བསྟན་འཛིན་སྒྲོལ་མ་ལགས་དང་ལྷན། མདོ་སྨད་རྔ་བ་རྫོང་གི་སྲང་ལམ་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་གནམ་ལ་ཕྱྭར་ཏེ། བོད་ལ་རང་དབང་དགོས། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་དུ་གདན་འདྲེན་ཞུ་དགོས། སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས་ཞེས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་པས། རྒྱ་ནག་གཞུང་གི་ཉེན་རྟོག་པས་འཛིན་བཟུང་གིས་ལོ་གསུམ་ལྷག་རིང་བཙོན་འཇུག་མནར་གཅོད་བཏང་མཐར་གློད་གྲོལ་ཐོབ་ཡོད་པ་དང་། ཕྱི་ལོ་ ༢༠༢༣ ཟླ་ ༥ ནང་བོད་ནས་བྲོས་བྱོལ་དུ་ཡོང་སྟེ་རྒྱ་གར་དུ་འབྱོར་ཡོད་པ་རེད། དངོས་བྱུང་གློག་བརྙན་ནང་དུ་རྣམ་སྐྱིད་ལགས་ནས་མོ་རང་བོད་ནང་གི་དངོས་ཡོད་གནས་ཚུལ་གང་ཡིན་འཛམ་གླིང་ཕྱི་ལ་བཤད་རྒྱུར་བོད་ནས་བྲོས་བྱོལ་དུ་ཡོང་བ་དང་། རྒྱ་ནག་གཞུང་གིས་བོད་ནང་གི་གནས་སྟངས་ངོ་མ་ཕྱི་ལ་ཐོན་འཇུག་གི་མེད། བོད་ནང་རྒྱ་ནག་གཞུང་གིས་ལུས་སེམས་གཉིས་ལ་སྡུག་བསྔལ་ཚད་མེད་བཏང་ཡང་༸རྒྱལ་བ་རིན་པོ་ཆེ་ལ་དད་པ་ཡིད་ཆེས་ནམ་ཡང་འགྱུར་གྱི་མ་རེད། ༸རྒྱལ་བ་རིན་པོ་ཆེ་ནི་བོད་ཆོལ་ཁ་གསུམ་གྱི་སྙིང་དང་། སྲོག གངས་རི་ལྟ་བུ་རེད། ཅེས་བརྗོད་འདུག

_ca811aaf-3cda-4284-a02d-8c88862c18b3.jpg
ཆབ་སྲིད་བཙོན་ཟུར་རྣམ་སྐྱིད།

ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་ནས་བོད་མི་ཚོས་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་གཞི་རྒྱ་ཆེན་པོ་བྱས་ཤིང་། རྒྱ་ནག་གཞུང་གིས་འཕྲལ་མར་དྲག་པོའི་ཁྲིམས་ལག་བསྟར་གྱིས་བོད་མི་ཞི་རྒོལ་བ་ཚོར་དྲག་གནོན་དམ་དྲག་ཆེ་རུ་བཏང་། ཕྱི་ལོ་ ༢༠༠༩ ལོར་བོད་ནང་བཀྲ་བྷེ་ལགས་ནས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་ནས་བཟུང་ད་བར་བོད་མི་ཁྱོན་ ༡༥༠ ལྷག་ནས་རང་ལུས་མེར་སྲེག་གི་ལམ་ནས་རྒྱ་ནག་གི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་བྱས་ཡོད།

ཕྱི་ལོ་ ༢༠༡༥ ལོར་རྣམ་སྐྱིད་ལགས་དང་མོའི་སྤུན་མཆེད་བསྟན་འཛིན་སྒྲོལ་ལགས་གཉིས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཐོགས་ཏེ་རྒྱ་གཞུང་ལ་ངོ་རྒོལ་བྱས་པར། རྒྱ་ནག་གིས་རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་སྤེལ་བའི་ཉེས་མིང་འོག་འཛིན་བཟུང་གིས་ལོ་གསུམ་རིང་བཙོན་འཇུག་བྱས་ཏེ། སྡུག་སྦྱོང་མནར་གཅོད་དང་ཆབ་སྲིད་སློབ་གསོ་སྤྲད་དེ་མོའི་སེམས་ཁམས་འགྱུར་བ་གཏོང་ཐབས་བྱས་འདུག་ལ། བཙོན་གྲོལ་ཐོབ་པའི་རྗེས་སུའང་མོ་ལ་ཉེན་རྟོག་པས་བྱ་ར་སོ་ཉུལ་མུ་མཐུད་བྱས་རྐྱེན་མཐར་མོ་རང་རྒྱ་གར་དུ་བཙན་བྱོལ་དུ་བྲོས་འདུག

དེ་བཞིན་དངོས་བྱུང་གློག་བརྙན་དེའི་ནང་རྒྱ་ནག་གཞུང་གིས་ཕྱི་ཕྱོགས་སུ་འབྲེལ་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་པ་ཚེ་རིང་ཟླ་བ་ལགས་ནས་བོད་ནང་གི་གནས་སྟངས་ནི་བཙོན་ཁང་ཆེན་པོ་ཞིག་དང་མཚུངས་ཤིང་། བོད་མི་རྣམས་ལ་དམ་དྲག་གཉའ་གནོན་དང་དྲྭ་ཐོག་ནས་སོ་ཉུལ་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པ་འགྲེལ་བརྗོད་གནང་གི་འདུག་ཅིང་། ཕྱི་ལོ་ ༢༠༢༠ ལོར་ཁོང་བོད་ནང་བཙོན་གྲོལ་ཐོབ་རྗེས་རྒྱ་གར་དུ་བྲོས་བྱོལ་དུ་སླེབས་འདུག

མདོར་ན། རྒྱ་ནག་གཞུང་གིས་བོད་མི་རིགས་རྩ་མེད་གཏང་རྒྱུའི་ངན་བྱུས་ཐབས་བརྒྱ་བྱུས་སྟོང་གིས་ལག་བསྟར་བྱེད་བཞིན་ཡོད་ནའང་། བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ནས་རང་མི་རིགས་ཀྱི་ངོ་བོ་མཚོན་པའི་རིག་གཞུང་གོམས་སྲོལ་རྒྱུན་འཛིན་གྱིས་བོད་ཀྱི་ངོ་བོ་སྲུང་སྐྱོབ་ཀྱི་ལས་ལ་གང་ཐུབ་བརྩོན་བཞིན་ཡོད་པ་ནི། བོད་ཀྱི་ཆེད་འཐབ་རྩོད། ཁྲོད་བོད་མི་རྣམས་རྒྱ་ནག་གི་འགྲན་ཟླ་གཞན་དྲིང་མི་འཇོག་པ་ཞིག་ཏུ་ལང་ཐུབ་ཡོད་པ་མ་ཚད། བོད་ཀྱི་ཆེད་འཐབ་རྩོད་ཁྲོད་བོད་མི་རྣམས་ཕམ་མེད་པའི་རྟགས་མཚན་མངོན་གསལ་དོད་པོ་ཞིག་རེད། །

གསར་འགོད་པ། བསྟན་འཛིན་ནོར་འཛོམས།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎