བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཆེད་ལོ་འཁོར་ལྷན་ཚོཌ
2011.06.03
༄༅༎ཐའེ་ལེན་དྲིའི་རྒྱལ་ས་སྦེང་ཀོཀ་དུ་༢༠༡༡ལོའི་བོད་ཀྱི་ལས་དོན་འཆར་གཞི་ཞེས་གཙོ་བོ་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐོག་ལ་ལོ་འཁོར་ལྷན་ཚོགས་ཤིག་སྐོང་ཚོགས་གནང་བཞིན་ཡོད་པ་རེད།
དེ་ཡང་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་ཞེས་པའི་གསར་འགྱུར་དྲ་རྒྱའི་ཐོག་དེ་རིང་གནས་ཚུལ་བཀོད་པར་གཞིགས་ན། ལྷན་ཚོགས་དེ་ནི་ཕྱི་ཟླ་དྲུག་པའི་ཚེས་༡ ནས་འགོ་བཙུཌ་ཏེ་ཚེས་༤ བར་ཉིན་གྲངས་བཞིའི་རིང་སྐོང་ཚོགས་གནང་རྒྱུ་དང༌། ལྷན་ཚོགས་དེ་ནི། ཐའེ་ལེནདྲ་ནང་དུ་ཡོད་པའི་ཀ་ཏུ་ཌི་ས་སང་ག་(Catuddisa Sangha)ཞེས་པའི་ནང་པའི་ཆོས་ཚོགས་དེའི་དགེ་འདུན་པ་དང་འཛམ་གླིང་གི་ས་ཕྱོགས་ཁག་འདྲ་མིན་ནས་དོ་སྣང་ཡོད་མཁན་མི་དམངས་བཅས་ཀྱིས་གོ་སྒྲིག་གནང་བ་ཞིག་ཡིན་པ་རེད། ༢༠༡༡ ལོའི་བོད་ཀྱི་ལས་དོན་འཆར་གཞི་ཞེས་པའི་ལོ་འཁོར་ལྷན་ཚོགས་དེ་ནི་བོད་ནང་དུ་ཡོད་པའི་བོད་མི་ཚོས་མྱོང་བཞིན་པའི་དཀའ་ངལ་གདོང་ལེན་བྱ་ཐབས་དང༌། སྙིང་སྟོབས་སྤེལ་རྒྱུའི་ཆེད་དུ་ཡིན་པ་དང༌། ལྷན་ཚོགས་དེའི་ཐོག་བཙན་བྱོལ་བོད་གཞུང་གི་ཕྱི་དྲིལ་ལྷན་ཁང་གི་ཁོར་ཡུག་ཚན་པའི་འགན་འཛིན་བསྟན་འཛིན་ནོར་བུ་ལགས་དང༌། བཞུགས་སྒར་རྡ་རམ་ས་ལའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་འཐུད་ཀྱི་ཕྱག་ལས་གནང་མཁན་ཚེ་རིང་ཆོས་གྲུབ་ལགས་གཉིས་མཉམ་ཞུགས་གནང་སྟེ། བོད་ཀྱི་ཁོར་ཡུག་གནས་སྟངས་དང་བོད་དོན་སྐོར་ལ་གཏམ་བཤད་ཀྱང་གནང་ཡོད་པ་རེད། བསྟན་འཛིན་ནོར་བུ་ལགས་ཀྱིས་བོད་ཀྱི་ཁོར་ཡུག་གནས་སྟངས་ངོ་སྤྲོད་གནང་བའི་སྐབས། བོད་ནི་ཆུ་བོ་ཆེན་པོའི་འབྱུང་ཁུངས་ཡིན་པ་བཞིན་བོད་ནང་གི་ཆུ་བོ་ཆེན་པོ་དེ་དག་གི་གནད་དོན་ནི་དེ་དང་འབྲེལ་བ་ཆགས་པའི་རྒྱལ་ཁབ་དང་ཡུལ་གྲུ་ཁག་གི་གནད་དོན་ཡང་ཡིན་ཞིང༌། བོད་ནང་གི་འབྲོག་པའི་གནས་སྟངས་ལ་ཆ་མཚོན་ན། རྒྱ་ནག་གཞུང་གིས་འབྲོག་པ་མི་དམངས་རྣམས་འབྲོག་སའི་འཚོ་བ་སྐྱེལ་དུ་མ་བཅུག་པར་བཙན་དབང་གིས་གནས་སྤོ་བྱེད་དུ་བཅུག་པའི་སྲིད་ཇུས་འོག་དཀའ་ངལ་དུ་ལྷུངས་བཞིན་ཡོད་པ་དང༌། དམིགས་བསལ་ཁོང་གིས་བོད་ནང་གི་བོད་མི་ཚོའི་གནས་སྟངས་དང་བོད་ཀྱི་ཁོར་ཡུག་གནས་སྟངས་འགྲེལ་བརྗོད་བྱས་པ་དེ་རྣམས་ཁུངས་བཏུགས་ས་ནི། རྒྱ་མི་རིགས་དང་ཕྱི་རྒྱལ་བ་དངོས་སུ་བོད་དུ་བསྐྱོད་དེ་བོད་ཀྱི་ཁོར་ཡུག་གནས་སྟངས་ཐོག་ལ་ཞིབ་འཇུག་རིམ་པབྱས་པའི་འབྲུ་དོན་ཡིན་པའི་སྐོར་གསུང་ཡོད་པ་དང༌། དེ་ནས་ཚེ་རིང་ཆོས་གྲུབ་ལགས་ཀྱིས། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་དབར་གྱི་འབྲེལ་མཐུད་ཀྱི་ལས་ཀའི་ངོ་བོ་དང༌། ད་ལྟའི་བོད་ནང་གི་གནས་བབ་ཐོག་ནས་འབྲེལ་མཐུད་ཀྱི་ལས་ཀའི་གནད་འགག་སྐོར་གཏམ་བཤད་གནང་ཡོད་པ་རེད།