ཀང་ར་རྫོང་གི་འཕྲོད་བསྟེན་ལྷན་ཁང་གིས་སྨན་རྩིས་ཁང་ལ་བོད་སྨན་ནག་པོ་དགུ་སྦྱོར་ཚོང་འགྲེམས་མི་ཆོག་པའི་བཀའ་ཁྱབ་བཏང་འདུག
2020.02.17

རྒྱ་ནག་ནང་གློ་ནད་གསར་པ་ཏོག་དབྱིབས་ནད་དུག་འགོས་ཁྱབ་རྒྱ་ཆེར་འགྲོ་བཞིན་པའི་སྐབས་དང་བསྟུན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་སྨན་རྩིས་ཁང་ནས་བོད་སྨན་གྱི་གཞུང་ལུགས་ལྟར་རིམས་ནད་སྔོན་འགོག་ཆེད་ནག་པོ་དགུ་སྦྱོར་གྱི་རིལ་བུ་ཚོང་འགྲེམས་རྒྱ་ཆེར་གནང་གི་ཡོད་ནའང་། སྤྱི་ཟླ་༢པའི་ཚེས་༡༧ཉིན་ས་གནས་རྒྱ་གར་ཀང་ར་རྫོང་གི་འཕྲོད་བསྟེན་ལྷན་ཁང་གི་སྤྱི་ཁྱབ་གྷོའུར་ངྷར་ཤན་གུཔྟ་མཆོག་གིས་བཀའ་ཁྱབ་བཏང་སྟེ་ད་ཆ་ཏོག་དབྱིབས་ནད་དུག་ལ་སྨན་བཅོས་ཐུབ་པའི་སྨན་གསར་པ་གང་ཡང་འཐོན་མེད་ཁར་རྒྱ་གར་གཞུང་གི་ངོས་ནས་ཀྱང་ལམ་སྟོན་དམིགས་བསལ་མེད་པས་མི་མང་ལ་གོ་ལོག་ཐེབས་པའི་གནས་ཚུལ་འདི་གྲས་ཐད་དགག་བྱ་ཡོད་ལུགས་གསུངས་ཏེ་ནག་པོ་དགུ་སྦྱོར་གྱི་རིལ་བུ་ཚོང་མཚམས་འཇོག་དགོས་པའི་བཀའ་ཁྱབ་ཕེབས་པར་བརྟེན་ཀང་ར་རྫོང་གི་མངའ་ཁོངས་སུ་རིལ་བུ་དེ་འཕྲལ་མར་ཚོང་མཚམས་འཇོག་དགོས་པ་སྨན་རྩིས་ཁང་གིས་བཀོད་ཁྱབ་ཕེབས་ཡོད་ལུགས་སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་གིས་འགྲེལ་བརྗོད་གནང་འདུག
ཀང་ར་རྫོང་གི་འབྲེལ་ལས་བྱེད་བསྐལ་བཟང་དོན་ལྡན་གྱི་སྨན་ཁང་དུ་ཆེད་ཕེབས་ཀྱིས་མི་མང་ལ་བརྡབ་བསིག་བཏང་ན་འགྲིག་གི་མེད་པ་དང་། རིལ་བུ་ཚོང་མཚམས་མ་བཞག་ན་སྨན་ཁང་སྒོ་བརྒྱབ་རྒྱུ་ཡིན་པ་སོགས་གསུངས་ཡོད་པར་བརྟེན་སྨན་རྩིས་ཁང་གི་སྨན་ཁང་གཉིས་ཀར་སྨན་ཚོང་མཚམས་འཇོག་རོགས་ཞེས་བཀོད་ཁྱབ་བཏང་འདུག་ཅིང་།
རིལ་བུ་ཚོང་མཚམས་མ་བཞག་ན་ཧིན་སྒོར་འབུམ་བཅུ་ཐམ་པའི་ཉེས་ཆད་གཏོང་ངེས་ཀྱང་འབྲེལ་ཡོད་ལས་བྱེད་པས་གསུངས་ཡོད་པ་འགྲེལ་བརྗོད་གནང་འདུག
ཁོང་ཚོ་ལ་བརྟག་དཔྱད་རིམ་པར་བྱས་དུས་རླངས་འཁོར་གྱི་ངོས་སུ་ཧི་མ་ཅལ་མངའ་སྡེ་གཞུང་གི་རྟགས་འཁོད་ཡོད་པས་བཀའ་གཏོང་མཁན་ནི་གཞུང་གི་མི་སྣ་རང་ཡིན་པ་ངོས་འཛིན་གནང་གི་འདུག་ཅིང་། རིམས་སྲུང་ནག་པོ་དགུ་སྦྱོར་གྱི་བོད་སྨན་ནི་བོད་ནང་དུའང་རིམས་འགོག་ཆེད་རྒྱ་ཁྱབ་ཏུ་ཚོང་འགྲེམ་ཁྱབ་བསྒྲགས་གནང་གི་ཡོད་པ་དང་། རྒྱ་གར་དུའང་ཉི་མ་ཁ་ཤས་ཀྱི་རིང་སྨན་རྩིས་ཁང་གིས་རྒྱ་ཁྱབ་ཏུ་ཚོང་འགྲེམ་གནང་ཡོད་པ་རེད། ཀང་ར་རྫོང་གི་འཕྲོད་བསྟེན་ལས་ཁུངས་ཀྱིས་བཞུགས་སྒར་རྡ་སྟེང་དུ་ཏོག་དབྱིབས་ནད་དུག་ཐོག་ལམ་སྟོན་ལྟེ་གནས་ཤིག་ཀྱང་བཙུགས་ཡོད་པ་རེད།