ཨའོ་སི་ཀྲོ་ལི་ཡའི་སྲིད་བློན་ལ་སྐྱོན་བརྗོད།
2011.06.14
༄༅༎།དེ་རིང་རེས་གཟའ་མིག་དམར་ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་ཐོག་ཆིབས་བསྒྱུར་བསྐྱང་སྐབས་ཨོ་སི་ཀྲོ་ལི་ཡའི་སྲིད་བློན་ལྕམ་ཇུ་ལི་ཡ་ཇི་ལའདྲ་ཡིས་མཇལ་འཕྲད་ཞུ་རྒྱུ་མིན་པའི་ཐག་གཅོད་བྱས་པ་དེར་ཆབ་སྲིད་མི་སྣ་དང་གྲོས་ཚོགས་ཀྱི་འཐུས་མི་ཚོས་སྲིད་བློན་མཆོག་ལ་སྐྱོན་བརྗོད་དང་ཁ་རྡུང་དྲག་པོ་གཏོང་གི་ཡོད་པ་རེད།
དེ་ཡང་ཁོང་གིས་གསར་འགོད་པ་ཚོར་གསུང་དོན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུ་རྒྱུ་མིན་པའི་ཐག་གཅོད་དེ་ནི་ཁོང་རང་ཉིད་ཀྱིས་གནང་བའི་ཐག་གཅོད་ཅིག་་ཡིན་པ་དང༌། འོན་ཀྱང་ཁོང་གིས་མཇལ་འཕྲད་མ་གནང་བའི་རྒྱུ་མཚན་ག་རེ་ཡིན་མིན་གསལ་བཤད་གང་ཡང་གནང་མེད་ཀྱང་༧གོང་ས་ཏྰ་ལའི་བླ་མ་མཆོག་ནི་ཨོ་སི་ཀྲོ་ལི་ཡའི་ཡུལ་དུ་ཡང་སེ་ཆིབས་བསྒྱུར་གནང་གི་ཡོད་པ་དང༌། འདས་པའི་ལོ་ལྔའི་ནང་ཐེངས་བཞི་ཆིབས་བསྒྱུར་གནང་བའི་སྐབས་ཆིབས་བསྒྱུར་ཁག་ཅིག་ལ་སྲིད་བློན་དང་མཇལ་འཕྲད་གནང་ཡོད་པ་དང༌། སྐབས་ཤིག་ལ་མཇལ་འཕྲད་མ་གནང་བའི་གནས་ཚུལ་བྱུང་ཡོད་ཅིང༌། ད་རེས་ཀྱི་ཆིབས་བསྒྱུར་དེའི་སྐབས་ངས་མཇལ་འཕྲད་ཞུ་རྒྱུ་མིན་པའི་ཐག་གཅོད་བྱས་པ་ཡིན་ཞེས་དང།ཐག་གཅོད་དེ་ནི་རྒྱ་ནག་གི་གནོན་ཤུགས་མིན་ལུགས་གསལ་བཤད་གནང་ཡོད་པ་རེད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་གསར་འགོད་ལྷན་ཚོགས་ཐོག་ལ། སྲིད་བློན་གྱིས་མཇལ་འཕྲད་གནང་རྒྱུ་མིན་པའི་ཐག་གཅོད་ལ་ཐུགས་ཕམ་གང་ཡང་མེད། གལ་ཏེ་སྲིད་བློན་མཆོག་ཆོས་ཕྱོགས་ཐད་ཐུགས་སྣང་ཡོད་མཁན་ཞིག་ཡིན་ན་ངོས་དང་མཇལ་འཕྲད་གནང་ན་ཕན་ཐོགས་ཆེན་པོ་ཡོད་ཅིང༌། དེ་མིན་གྱིས་ངོས་ནས་ཁོང་ལ་རེ་འདུན་གང་ཡང་ཞུ་ཡག་མེད་ཅེས་བཀའ་གནང་ཡོད་པ་རེད། ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་གིས། ཨོ་སི་ཀྲོ་ལི་ཡའི་མཐུན་ཕྱོགས་རྒྱལ་ཁབ་ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་༧གོང་ས་ཏྰ་ལའི་བླ་མ་མཆོག་མཇལ་འཕྲད་ཞུས་ཡོད་ཀྱང་ཨོ་སི་ཀྲོ་ལི་ཡའི་སྲིད་བློན་མཆོག་གིས་མཇལ་འཕྲད་ཞུ་རྒྱུ་མིན་པ་དེར་སྐྱོན་བརྗོད་བྱེད་པ་དང༌། ལྷག་པར་དུ་ཨོ་སི་ཀྲོ་ལི་ཡའི་སྔོ་ལྗངས་ཚོགས་པའི་དབུ་ཁྲིད་དང་གྲོས་ཚོགས་ཀྱི་འཐུས་མི་ཡིན་པ་སྐུ་ཞབས་སྦོབ་སྦ་རའོན་གྱིས་དེ་རིང་རེས་གཟའ་མིག་དམར་ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུས་པ་མ་ཟད། སྲིད་བློན་མཆོག་གིས་མཇལ་འཕྲད་ཞུ་དགོས་པའི་རེ་འདུན་ཞུས་ཡོད་ཀྱང་སྲིད་བློན་ནས་མཇལ་འཕྲད་ཞུ་རྒྱུ་མིན་པའི་ཐག་གཅོད་གནང་བ་དེར་ཁོང་གིས་སྐྱོན་བརྗོད་ཀྱང་གནང་ཡོད་པ་རེད།