ཨོསིཊེལི་ཡའི་སྲིད་བློན་ནས་༸གོང་ས་མཆོག་མཇལ་འཆར་མེད་པ།
2011.06.13
༄༅༎ཨོ་སི་ཀྲོ་ལི་ཡའི་སྲིད་བློན་ཇུ་ལི་ཡ་ཇི་ལའདྲ་མཆོག་གིས་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་རྒྱུ་མིན་པའི་ཐག་གཅོད་གནང་ཡོད་པ་རེད། རེས་གཟའ་ཟླ་བའི་ཉིན་སྲིད་བློན་ཇི་ལའདྲ་མཆོག་གི་ལས་ཁུངས་ནས་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་། ཨོ་སི་ཀྲོ་ལི་ཡའི་སྲིད་བློན་རྣམས་ཀྱིས་༸གོང་ས་ཏ་ལའི་བླ་མ་མཆོག་ཨོ་སི་ཀྲོ་ལི་ཡའི་ནང་ནམ་ཕེབས་ལ་མཇལ་འཕྲད་གནང་ཡོད་པ་མ་རེད་ཅེས་སྤྱི་བསྒྲགས་དེའི་ནང་བཀོད་ཡོད་པ་རེད།
ཡང་སྤྱི་བསྒྲགས་དེའི་ནང་མིང་འདོན་མ་གནང་བའི་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་ཀྱི་འཐུས་མི་ཞིག་གིས་གཞུང་འབྲེལ་མིན་པའི་ཐོག་ནས་མཇལ་འཕྲད་གནང་རྒྱུ་ཡིན་སྐོར་དང་། ༸གོང་ས་ཏ་ལའི་བླ་མ་མཆོག་ཨོ་སི་ཀྲོ་ལི་ཡའི་ནང་ཡང་ནས་ཡང་དུ་ཆིབས་བསྒྱུར་བསྐྱངས་གནང་སྟངས་ལ་གཞིགས་ན། གོང་ཞུས་ཀྱི་མཇལ་འཕྲད་དེ་ལྟར་གྱིས་འཐུས་རྒྱུ་ཡིན་པའི་སྐོར་སྤྱི་བསྒྲགས་དེའི་ནང་བཀོད་ཡོད་པ་རེད། ཡང་ཨོ་སི་ཀྲོ་ལི་ཡའི་ཨེ་སྦི་སི་རེ་ཌི་ཡོ་ཞེས་པའི་རླུང་འཕྲིན་ལས་ཁང་གི་ལས་རིམ་ཞིག་གི་ཐོག གོང་ས་མཆོག་ལ་ཨོ་སི་ཀྲོ་ལི་ཡའི་སྲིད་བློན་མཆོག་གིས་མཇལ་འཕྲད་མ་གནང་རྒྱུའི་ཐག་གཅོད་དེར་དགོངས་འགལ་བྱུང་ཡོད་མིན་བཀའ་འདྲི་ཞུས་པར། ༸གོང་ས་མཆོག་གིས་དགོངས་འགལ་བྱུང་མེད་པ་དང་གང་ཉིད་ཀྱི་སྐུ་དོན་གཙོ་བོ་གཉིས་ནི་རྩ་ཆེར་འཛིན་པའི་མིའི་རིན་ཐང་ཁག་དར་སྤེལ་དང་། ཆོས་ལུགས་ཕན་ཚུན་འཆམ་མཐུན་ཡོང་ཐབས་ཀྱི་ལས་དོན་ལས་སྲིད་དོན་གལ་ཆེ་བར་ངོས་འཛིན་གནང་གི་མེད་པའི་སྐོར་བཀའ་ལན་གནང་ཡོད་པ་རེད།