ཨའོསི་ཊརེ་ལི་ཡ་དབུས་གཞུང་གིས་བོད་ཀྱི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཐད་ཐུགས་འཚབ་འགྲེལ་བརྗོད་དང་སྦྲགས།  རྒྱ་ནག་མཉམ་གླེང་སློང་གནང་མུས་ཡིན་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསལ་བཤད་གནང་པ།

2023.04.05
ཨའོསི་ཊརེ་ལི་ཡ་དབུས་གཞུང་གིས་བོད་ཀྱི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཐད་ཐུགས་འཚབ་འགྲེལ་བརྗོད་དང་སྦྲགས།  རྒྱ་ནག་མཉམ་གླེང་སློང་གནང་མུས་ཡིན་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསལ་བཤད་གནང་པ།
Reuters File Photo

བོད་ནང་ཉམས་དམས་སུ་འགྲོ་བཞིན་པའི་ཤེས་ཡོན་གྱི་གནས་བབ་དང་།  ཆོས་དད་རང་དབང་། རིག་གཞུང་དང་སྐད་ཡིག་ཐོབ་ཐང་།  བོད་ནང་གི་རང་དབང་ཐེ་བས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ཨའོས་ཊརེ་ལི་ཡ་གཞུང་གིས་ཐུགས་འཚབ་ཧ་ཅང་ཆེན་པོ་ཡོད་པ་ཨའོསི་ཊརེ་ལི་ཡ་ཕྱི་སྲིད་དང་ཚོང་དོན་ལས་ཁུངས་ཀྱི་མགྲིན་ཚབ་པས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་ཡིག་ཐོག་ལན་འདེབས་གནང་བྱུང་། ཨའོསི་ཊརེ་ལི་ཡའི་ཚོང་དོན་བློན་ཆེན་དང་དེ་མིན་མཐོ་གྲས་བློན་ཆེན་ཁག་ཅིག་རིང་མིན་རྒྱ་ནག་ཏུ་འཚམས་གཟིགས་གནང་གི་ཡོད་པའི་གནས་ཚུལ་ཐོན་པ་ལྟར།  ཨའོསི་ཊརེ་ལི་ཡ་གཞུང་གིས་རྒྱ་ནག་དང་ཚོང་དོན་འབྲེལ་ལམ་ཆེད་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་འདི་སྣང་མེད་འཇོག་རྒྱུ་མེད་པ་ Australia Tibet Council ཞེས་ཨའོསི་ཊརེ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པས་འབོད་སྐུལ་གྱི་ཞུ་ཡིག་གཅིག་རྒྱ་ཁྱབ་སྤེལ་ཏེ་དྲ་ཐོག་ནས་རྒྱབ་སྐྱོར་གྱི་མིང་རྟགས་བཀོད་ནས་ཞུ་སྐུལ་གནང་བཞིན་ཡོད་པ་རེད།

འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཕྱི་ཟླ་ ༤ ཚེས་ ༤ ཉིན་ཨའོསི་ཊརེ་ལི་ཡའི་དབུས་གཞུང་གི་ཚོང་དོན་བློན་ཆེན་མཚན་འཁོད་ཡིག་ཐོག་དྲི་བ་ཕུལ་ཏེ། ཨའོསི་ཊརེ་ལི་ཡ་བོད་དོན་ཚོགས་པས་དབུས་གཞུང་གི་བློན་ཆེན་མཆོག་ལ་རྒྱ་ནག་ཐོག་ Magnitsky Act ཞེས་པ་རྒྱ་ནག་དམར་ཤོག་གི་དཔོན་རིགས་ཉེས་ཅན་པའི་ཐོག་ཉེས་ཆད་འགེལ་དགོས་པ་ལས།  ཚོང་དོན་གྱི་ཆོད་གན་བཞག་རྒྱུ་མེད་པའི་འབོད་སྐུལ་ཞུས་ཡོད་པས། ཨའོསི་ཊརེ་ལི་ཡའི་ཚོང་དོན་བློན་ཆེན་རྒྱ་ནག་ལ་ཕེབས་པ་ཡིན་ན། བོད་ཀྱི་གནད་དོན་ཐད་རྒྱ་ནག་གི་ཚོང་དོན་བློན་ཆེན་མཉམ་གླེང་སློང་གནང་རྒྱུ་ཡིན་མིན་ཐད་དྲི་བ་གཅིག་དང་།  འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་དང་ཨ་རིའི་གཞུང་གི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ་བཏོན་པའི་ནང་།  རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་གི་ཡོད་པ་གསལ་སྟོན་བྱེད་ཡོད་པའི་ཐད་ཨའོསི་ཊརེ་ལི་ཡའི་གཞུང་གི་ལངས་ཕྱོགས་ཇི་ཡིན་བཅས་དྲི་བ་གཉིས་ཕུལ་པ་ཡིན།  ཨའོསི་ཊརེ་ལི་ཡ་ཕྱི་སྲིད་དང་ཚོང་དོན་ལས་ཁུངས་ཀྱི་མགྲིན་ཚབ་པའི་མཚན་འཁོད་ལན་འདེབས་ཤིག་ཕྱི་ཟླ་ ༤ ཚེས་ ༥ ཉིན་གནང་འབྱོར་བྱུང་པའི་ནང་།  བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་ཐུགས་འཚབ་ཧ་ཆང་ཆེན་པོ་ཡོད་པ་གསུངས་ཤིང་།  ང་ཚོས་རྒྱུན་དུ་བློན་ཆེན་རིམ་པ་དང་མཐོ་གྲས་དཔོན་རིགས་ཀྱི་གོ་རིམ་ཐོག་ནས་རྒྱ་ནག་མཉམ་ཐད་ཀར་རམ་རྒྱལ་ཁབ་མང་པོ་མཉམ་སྦྲེལ་ངོ་བོར་དཔེ་ན་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐེངས་གསུམ་པ་དང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་བཅས་བརྒྱུད་ལམ་གཉིས་ཀའི་ཐོག་ནས་བོད་ཀྱི་སྐོར་གླེང་སློང་གནང་ཡོད་ཅེས་ལན་འདེབས་གསལ་བཤད་གནང་འདུག

ཡིག་ཐོག་གསལ་བཤད་གནང་པའི་ནང་ད་དུང་། བོད་ནང་ཉམས་དམས་སུ་འགྲོ་བཞིན་པའི་ཤེས་ཡོན་གྱི་གནས་བབ་དང་།  ཆོས་དད་རང་དབང་། རིག་གཞུང་དང་སྐད་ཡིག་ཐོབ་ཐང་།  བོད་ནང་གི་རང་དབང་ཐེ་བས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ཨའོས་ཊརེ་ལི་ཡ་གཞུང་གིས་ཐུགས་འཚབ་ཧ་ཅང་ཆེན་པོ་ཡོད་པ་ཨའོསི་ཊརེ་ལི་ཡ་ཕྱི་སྲིད་དང་ཚོང་དོན་ལས་ཁུངས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།

ཉེ་བའི་ཆར་ཨའོསི་ཊརེ་ལི་ཡ་དང་རྒྱ་ནག་དབར་གྱི་ཚོང་དོན་འབྲེལ་ལམ་སླར་གསོ་བྱེད་བཞིན་ཡོད་པ་དང་དུས་མཚུངས་ཨའོསི་ཊརེ་ལི་ཡའི་སྲིད་དོན་མི་སྣ་མི་ཉུང་བ་ཞིག་གིས་རྒྱ་ནག་དང་འབྲེལ་ལམ་སླར་གསོ་ཡོང་རྒྱུར་འབོད་བརྩོན་བྱེད་བཞིན་ཡོད་པ་དང་། གཟའ་འཁོར་འདིའི་ནང་ཨའོསི་ཊརེ་ལི་ཡའི་ཚོང་དོན་བློན་ཆེན་ལས་རོགས་ Tim Ayres རྒྱ་ནག་ནང་དུ་རྒྱ་ནག་གཞུང་གིས་གཉེར་བའི་ཚོང་དོན་གླེང་སྟེགས་ལྷན་ཚོགས་ཐོག་མཉམ་ཞུགས་གནང་གི་ཡོད་པ་མ་ཟད།   རིང་མིན་ཚོང་དོན་བློན་ཆེན་དང་ཡུལ་སྐོར་སྤྲོ་འཆམ་ལས་ཁང་གི་བློན་ཆེན་Don Farrell ཡང་རྒྱ་ནག་ནང་ཕེབས་འཆར་ཡོད་པ་རེད།   དེར་བརྟེན་ཨའོསི་ཊརེ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་ཨའོསི་ཊརེ་ལི་ཡའི་དཔོན་རིགས་ཀྱིས་རྒྱ་ནག་དང་ཚོང་དོན་སོགས་ཀྱི་གྲོས་མོལ་བྱེད་པའི་སྐབས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ངེས་པར་དུ་གླེང་སློང་གནང་དགོས་པའི་ཁར།   གླེང་སློང་བྱེད་པའི་སྐབས།  ཨའོསི་ཊརེ་ལི་ཡས་ཕྱི་ལོ་༢༠༢༡ལོར་ཁྲིམས་ལུགས་ལ་བསྒྱུར་བཅོས་བྱས་པའི་ནང་དོན་བཞིན་རྒྱ་ནག་དམར་ཤོག་གཞུང་གི་དཔོན་རིགས་སུ་འདྲ་ཞིག་ཡིན་རུང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གྱི་བྱ་སྤྱོད་སྤེལ་ཚེ་དཔོན་རིགས་དེས་ངེས་པར་འགན་འཁུར་དགོས་པ་དང་།  དེ་ཡང་དུས་ཚོད་ངེས་ཅན་ཞིག་ནང་འབྲས་བུ་ཐོན་ཐུབ་པ་ཞིག་བྱ་དགོས་པ་མ་ཟད།  འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་གྲོས་མོལ་དེ་ཡང་དམིགས་ཡུལ་དང་གྲུབ་འབྲས་གཉིས་ཀ་ལྡན་དགོས་པ། དེ་བཞིན་ ཨའོསི་ཊརེ་ལི་ཡའི་མི་མང་ཚོར་འགན་ལེན་ཞུས་ཏེ་ཨའོསི་ཊརེ་ལི་ཡའི་འདུ་ཤེས་འཛིན་སྟངས་ལ་སྲུང་སྐྱོབ་དགོས་པའི་ཆ་རྐྱེན་འོག་གྲོས་མོལ་གནང་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་པ་སོགས་ཨའོསི་ཊརེ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཨའོསི་ཊརེ་ལི་ཡའི་དཔོན་རིགས་ཚོར་འབོད་སྐུལ་གནང་ཡོད་ཅིང་།  བོད་དོན་ལ་དོ་འཁུར་ཅན་ཚོས་ཞུ་སྙན་འདིར་རྒྱབ་སྐྱོར་གྱི་ས་རྟགས་འགོད་དགོས་པའི་སྐུལ་མ་ཡང་གནང་བཞིན་འདུག  

གསར་འགོད་པ་དང་རྩོམ་སྒྲིག་པ།  བཀྲིས་དབང་ཕྱུག
དྲ་ཐོག་རྩོམ་སྒྲིག་པ།  སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན།  བསྟན་འཛིན་འཕགས་སྒྲོན།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎