ཀེ་ལྦིན་རཌ་ནས་ལྕམ་ཨང་སང་སུ་ཅི་མཆོག་མཇལ་བ།
2011.07.02
༄༅༎ཨའོསི་ཊརེ་ལི་ཡའི་ཕྱི་སྲིད་བློན་ཆེན་ཀེ་ལྦིན་རཌ་གྱིས་འབར་མའམ་ མིཡན་མར་གྱི་མང་གཙོའི་དབུ་འཁྲིད་ལྕམ་ཨང་སང་སུ་ཅི་མཆོག་མཇལ་འཕྲད་ཞུས་འདུག། ཀེ་ལྦིན་རཌ་ནི་འདིའི་གོང་ཨའོསི་ཊརེ་ལི་ཡའི་སྲིད་བློན་ཡང་གནང་མྱོང་ཡོད་པ་རེད།
ཁོང་དང་ལྕམ་ཨང་སང་སུ་ཅི་གཟའ་སྤེན་པའི་ཉིན་འབར་མའི་རྒྱལ་ས་རྙིང་པ་ཡང་གུན་དུ་ཆུ་ཚོད་གཉིས་ལྷག་མཇལ་འཕྲད་གནང་ཞིང༌། ཉིན་གཅིག་སྔོན་ཀེ་ལྦིན་རཌ་དང་འབར་མའི་སྲིད་འཛིན་མཇལ་འཕྲད་གནང་ཡོད་པ་རེད།
ཨའོསི་ཊརེ་ལི་ཡའི་ཕྱི་སྲིད་བློན་ཆེན་ཀེ་ལྦིན་རཌ་གྱིས་འབར་མའི་དྲག་པོའི་དབང་འཛིན་པའི་རྒྱབ་སྐྱོར་ཡོད་པའི་སྲིད་འཛིན་དང་ལྷན་དུ་གྲོས་མོལ་གནང་སྐབས་ཨའོསི་ཊརེ་ལི་ཡའི་ངོས་ནས་མུ་འཐུད་སྦར་མར་རོགས་རམ་གནང་ཕྱོགས་དང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ཀྱི་གནད་དོན་ཐད་ཨའོསི་ཊརེ་ལི་ཡའི་ངོས་ནས་འབར་མར་མཐུན་འགྱུར་བྱེད་ཕྱོགས་སོགས་དང་བཀའ་བསྡུར་བྱུང་ལུགས་འབར་མའི་སྲིད་འཛིན་གྱི་མགྲིན་ཚབ་པ་ཧན་ཐར་མིནཏ་གྱིས་གསར་འགོད་པར་འགྲེལ་བརྗོད་གནང་ཡོད་པ་རེད།
སྔ་ལོ་འབར་མའི་དྲག་པོའི་དབང་འཛིན་པ་ཚོས་ལྕམ་ཨང་སང་སུ་ཅི་བཙོན་ནས་གློད་གྲོལ་བཏང་རྗེས་ཨའོསི་ཊརེ་ལི་ཡའི་ཕྱི་སྲིད་བློན་ཆེན་ཀེ་ལྦིན་རཌ་གྱིས་ཁོང་ལ་ཞལ་པར་གནང་སྟེ་ཨའོསི་ཊརེ་ལི་ཡའི་ངོས་ནས་ཁོང་ལ་གྲོགས་པོའི་མཐུན་རྐྱེན་མུ་འཐུད་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་རེད།།