ཨའོསི་ཊརེ་ལི་ཡའི་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པས་ཉེ་དུས་སེང་གེ་ཟེར་བ་ཞིག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་དམོད་ཞུས་པར་ཁྲིམས་གཏུག་བྱེད་རྒྱུ་ཡིན་འདུག
ཨའོསི་ཊརེ་ལི་ཡའི་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པས་ཕྱི་ཟླ་ ༩ ཚེས་ ༢༡ ཉིན་བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་ནང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་རིགས་ལ་མཚོན་ན་ལུས་དང་གྲིབ་མ་བཞིན་དུས་ནམ་ཡང་འབྲལ་ཐབས་མེད་པའི་བླ་མའི་ཐུགས་བསྐྱེད་དང་བཀའ་དྲིན་སློབ་མའི་དད་དམ་གྱིས་ཕན་ཚུན་གཅིག་ཏུ་སྒྲིལ་བས་མི་ལོ་བདུན་ཅུའི་རིང་དགྲ་བོ་རྒྱ་དམར་གྱིས་ཕྱི་ནང་གསང་གསུམ་ནས་གཡོ་འཕྲུལ་སྣ་ཚོགས་བྱས་ཀྱང་དམ་ཚིག་ལ་ཆག་གྲུམ་གང་ཡང་གཏོང་ཐུབ་མེད་། དེང་སྐབས་འཁྲུགས་ཆ་དོད་པོའི་འཛམ་གླིང་འདིར་བོད་མི་རིགས་ཀྱི་མིང་ཙམ་ཡང་གནས་པ་འདི་ཡང་མཐར་དེད་ན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་བརྟེན་ནས་བྱུང་བ་ཁོ་ན་ཡིན།
འོན་ཀྱང་ཉེ་ཆར་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཨའོསི་ཊརེ་ལི་ཡའི་ནང་གནས་སྡོད་མིང་ལ་གངས་སེང་དང་དངོས་མིང་དུ་སེང་གེ་ཅེས་པའི་འདིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བསམ་ཡུལ་འདས་པའི་བསྙོན་འཛུགས་དང་མཚན་སྨད་ལྷག་དོན་དུ་༧སྐུའི་བདེ་འཇགས་ལ་འཚེ་བ་གཏོང་རྒྱུའི་ངན་བསྐུལ་བྱས་པ་བོད་མིའི་སྒྲིག་འཛུགས་ལ་ལོག་འགྲེལ་སྣ་ཚོགས་བྱས་པར་ཨོ་སི་ཀྲེ་ལི་ཡའི་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པ་དང་དེའི་ཁྱབ་ཁོངས་བོད་རིགས་མཐུན་ཚོགས་ཁག་བཅུ་གཉིས་ཀྱིས་བློ་ཕམ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཅེས་དང་ཨའོསི་ཊརེ་ལི་ཡའི་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པ་དང་ཁྱབ་ཁོངས་བོད་རིགས་མཐུན་ཚོགས་བཅུ་གཉིས་ཀྱིས་གནས་ཡུལ་རྒྱལ་ཁབ་ཀྱི་དབུས་དང་ས་གནས་ཀྱི་འབྲེལ་ཡོད་བདེ་འཇགས་ལས་ཁུངས་བཅས་ལ་གནད་དོན་འདི་དང་འབྲེལ་བའི་ཞུ་སྙན་འབུལ་རྒྱུ་སོགས་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན་པ་བསྒྲགས་གཏམ་དེའི་ནང་བཀོད་འདུག
ཡང་བསྒྲགས་གཏམ་དེའི་ནང་། ལྷག་དོན་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུ་ཕྱ་དང་འབྲེལ་བའི་སྐོར་ལ་གནོད་འཚེ་གཏོང་རྒྱུའི་ངན་སྐུལ་བྱས་ཡོད་པས་རང་སོར་འཇོག་ཐབས་གཏན་ནས་མེད་སྟབས་ཡུལ་ཁྲིམས་དང་མཐུན་པའི་གནས་ཡུལ་གཞུང་ལ་ཁྲིམས་གཏུགས་བྱ་རྒྱུ་ཡིན་པ་བཀོད་འདུག གནད་དོན་དེའི་སྐོར་ཉེ་ལམ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བརྒྱད་པའི་སྐབས་སུ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་སེམས་འཚབ་དང་བཅས་གནས་ཚུལ་དེ་ཚབས་ཆེན་ཡིན་པ་བརྗོད་འདུག
དེ་བཞིན་ཨ་རིའི་མི་ནི་སོ་ཊ་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་ཐུན་མོང་ནས་བོད་མིའི་སྒྲིག་འཛུགས་ཀྱིས་ཨའོསི་ཊརེ་ལི་ཡའི་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ལ་དམིགས་གསལ་གྱིས་ཐུགས་སྣང་གནང་དགོས་པ་ཕྱི་ཚེས་ ༡༩ ཉིན་འབོད་སྐུལ་ཞུས་ཡོད་འདུག
དེ་དེ་བཞིན་རྒྱ་གར་དུ་བརྟེན་གཞི་བྱས་ཡོད་པའི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཀྱང་གཅིག་མཚུངས་ཀྱིས་ཉིན་ཤས་སྔོན་སྐུ་མདུན་ལ་མཚན་སྨད་ཞུ་མཁན་གང་ཟག་དེ་ལ་ངོ་རྒོལ་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དང་ཡང་གནད་དོན་དེའི་ཐད་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཀྱང་ཕྱི་ཚེས་ ༢༠ ཉིན་བོད་ཀྱི་རྩ་དོན་ལ་གནོད་པའི་ཆབ་སྲིད་ཀྱི་ལྟ་ཕྱོགས་འཛིན་པ་དང་། བོད་པར་འཇིགས་སྐུལ་བྱས་པ་དང་དོན་མེད་ཁོང་ཁྲོ་དང་གནོད་འཚེ་སློང་བའི་རིགས་ཚོགས་པ་དང་གང་ཟག་སུ་གང་ཞིག་གིས་སྤེལ་བ་ཡིན་ན་དེ་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད་པ་བསྒྲགས་གཏམ་སྤེལ་འདུག
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།