ཡོ་རོབ་ཏུ་འབར་མའི་ལྕམ་སུའུ་ཆིར་ཕེབས་བསུ་ཟབ་རྒྱས།
2012.06.14
༄༅༎འབར་མ་དམངས་གཙོ་ཚོགས་པའི་དབུ་འཁྲིད་ལྩམ་ཨོང་སན་སུའུ་ཆི་མཆོག་ཡུ་རོབ་ཁུལ་དུ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་སྐོར་བསྐྱོད་ཐོག་མ་འགོ་འཛུགས་གནང་ཡོད་ཅིང་ཚེས་༡༣རེས་གཟའ་ལྷག་པའི་ཉིན་ སུད་སི་གྲོང་ཁྱེར་ཇི་ནི་ལྦར་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་སུ་ཕེབས་འབྱོར་གནང་འདུག་པ་དང་ དེར་མང་ཚོགས་བརྒྱ་ཕྲག་མང་པོས་ ངང་སྒུག་ཆེན་པོའི་ཐོག་ནས་དགའ་བསུ་དང་ ཕེབས་བསུ་ཟབ་རྒྱས་ཞུས་པའི་སྐོར་གནས་ཚུལ་ཐོན་འདུག་༎
ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་ཨོང་སན་སུའུ་ཆི་མཆོག་རྒྱུན་རིང་བཟང་བཙོན་གྱི་གནས་སྟངས་འོག་ལུས་པ་དང་ ༡༩༨༨ནས་བཟུང་ཡུ་རོབ་ཁུལ་དུ་ཆིབས་བསྐྱར་གནང་པ་ད་རེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད་ལ་ ད་རེས་ཁོང་ཕྱིའི་ཡུལ་ཁག་ཏུ་སྐོར་བསྐྱོད་གྱི་མཛད་འཆར་འདིའི་བརྒྱུད་འབར་མ་ནང་ཆབ་སྲིད་ཀྱི་འགྱུར་བ་ཇི་འགྲོའི་རྣམ་པ་ཞིག་ཀྱང་མཚོན་གྱི་ཡོད་པ་རེད་ ཇི་ནི་ལྦ་གྲོང་ཁྱེར་རུ་ལྕམ་སུའུ་ཆི་མཆོག་གིས་མཛད་འཆར་དང་པོ་དེ་བཞིན་ ཁུལ་དེའི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ལས་རྩོལ་ཚོགས་པའི་ཚོགས་ཆེན་ཐོག་འབར་མ་ནང་བཙན་ཤེད་ཀྱི་ལས་རྩོལ་མེད་པ་བཟོ་ཐབས་སྐོར་གསུང་བཤད་གནང་རྒྱུ་ཡིན་འདུག རེས་གཟའ་ཕུར་བུའི་ཉིན་ཁོང་སུད་སི་རྒྱལ་ས་སྦན་ནང་ཕྱི་འབྲེལ་བློན་ཆེན་ལྷན་དང་མཇལ་འཕྲད་གནང་རྒྱུ་དང་ མཇལ་འཕྲད་དེའི་ཐོག་གཙོ་བོ་ད་ལྟའི་འབར་མ་ནང་གི་ཆབ་སྲིད་ཀྱི་གནས་སྟངས་དང་ དམངས་གཙོ་བཅོས་བསྒྱུར་མུ་མཐུད་གོང་འཕེལ་གཏོང་ཕྱོགས་སྐོར་བཀའ་བསྡུར་གནང་རྒྱུ་ཡིན་སྐོར་སུད་སི་ཕྱི་འབྲེལ་ལས་ཁུངས་ཀྱིས་སྤེལ་བའི་སྤྱི་བསྒྲགས་ནང་གསལ་འདུག ལྕམ་ཨོང་སན་སུའུ་ཆི་མཆོག་ནས་ཡུ་རོབ་ཁུལ་དུ་བདུན་ཕྲག་གཉིས་རིང་གི་མཛད་འཆར་ནང་ནོར་ལྦེ་ དབྱིན་ཡུལ་ ཕེ་རེན་སི་ ཨ་ཡར་ལེནདྲ་བཅས་སུ་སྐོར་བསྐྱོད་གནང་སྟེ་ ཡུལ་གྲུ་དེ་ཚོའི་གྲོས་ཚོགས་ནང་གསུངས་བཤད་གནང་འཆར་ཡོད་ལ་ དེ་བཞིན་བཞིན་ཨ་ཡར་ལེནདྲ་ནང་ཆེད་ཕེབས་སྐབས་ཌབ་ལིན་གྲོང་ཁྱེར་ནས་ལྩམ་སུའུ་ཆི་མཆོག་ལ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་འབུལ་རྒྱུ་ཡིན་པ་རེད་༎