གློག་འདོན་ས་ཚིགས་རྒྱག་ཆེད་ཨ་ཚོགས་དགོན་པ་གཏོར་བཤིག་གིས་རྗེས་ཤུལ་ཙམ་ཡང་མེད་པ་བཟོས་ཡོད་འདུག


སྲུང་སྐར་ནས་བླངས་པའི་པར་གཉིས་ཏེ། ༢༠༡༥ ཟླ་ ༡ ཚེས་ ༢༤ ཉིན་གྷུ་གྷལ་མཀ་སར་ (Google Maxar) དང་། ༢༠༢༤ ཟླ་ ༧ ཚེས་ ༢༡ ཉིན་པལཱ་ནེཊ་ ལེབསི་ (Planet Labs) ཀྱིས་བླངས་པའི་པར་རིས་ནང་ལོ་ངོ་ ༡༣༠ སོང་པའི་ཨ་ཚོཊ་དགོན་པ་འདི་བཞིན་རྨ་ཆུའི་སྟེ་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་ཆེད་རྗེས་ཤུལ་མེད་པར་གཏོར་བཤིག་བཏང་པའི་རྣམ་པ་གསལ་སྟོན་བྱུང་ཡོད།
རྒྱ་ནག་གཞུང་གིས་བོད་མདོ་སྨད་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ་གྱི་ཉེ་འགྲམ་རྨ་ཆུ་གཙང་པོར་ཆུ་ཤུགས་གློག་འདོན་ས་ཚིགས་རྒྱག་ཆེད། ཡུལ་དེའི་ཉེ་འགྲམ་དུ་ཆགས་ཡོད་པའི་ཨ་ཚོགས་དགོན་པ་གཏོར་བཤིག་གིས་གནས་སྤོ་བྱེད་དུ་འཇུག་བཞིན་ཡོད་པ་ལྟར། ཕྱི་ཟླ་ ༧ ནང་དེ་སྔ་དགོན་པ་ཡོད་སའི་ས་གནས་ནས་རྩ་གཏོར་གྱིས་ཤུལ་དུ་གྱང་རོ་ཙམ་ཡང་མཇལ་རྒྱུ་མེད་པ་བཟོས་ཡོད་པ་མ་ཟད། དགོན་པ་གནས་སྤོ་བྱ་ཡུལ་དུ་འཛུགས་སྐྲུན་སོགས་གང་ཡང་བྱས་མེད་པར་དགེ་འདུན་པ་ཚོ་ལྕགས་ཤོག་ཁང་པའི་ནང་སྡོད་དགོས་བྱུང་གི་ཡོད་པའི་སྐོར། རང་གི་བདེ་འཇགས་ཀྱི་ཆེད་མིང་འདོན་འདོད་མེད་པའི་བོད་ཕྱི་ནང་གཉིས་ཀྱི་འབྲེལ་ཡོད་བོད་མི་ཁག་ཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།
འབྲེལ་ཡོད་གཅིག་གིས། དགོན་པ་གཏོར་བཤིག་སྐབས་མི་མང་ལ་པར་དང་བརྙན་བླངས་མི་ཆོག་པའི་དམ་དྲག་ཤུགས་ཆེ་བྱས་སོང་ཞེས་དང་། དགོན་པའི་འདུ་ཁང་དེ་རྡོ་གཡའ་མ་ཡིས་བཟོ་སྐྲུན་བྱས་ཡོད་སྟབས། གཞན་དང་མི་འདྲ་བའི་རིག་དངོས་རྩ་ཆེན་ཆགས་ཀྱི་ཡོད་ན་ཡང་། དེ་ཙམ་ཡང་མ་བཞག་པར་རྩ་མེད་བཟོས་ཡོད་པའི་སྐོར་བརྗོད་བྱུང་ལ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ལག་སོན་བྱུང་བའི་བརྙན་ཞིག་གི་ནང་དུ། རྒྱ་ནག་གཞུང་གིས་ཨ་ཚོགས་དགོན་པ་རྩ་མེད་གཏོར་བཤིག་གིས། ཤུལ་དུ་ཅ་དངོས་སོགས་གང་ཡང་མེད་པའི་གནས་སྟངས་བཟོས་ཡོད་པ་མཐོང་རྒྱུ་འདུག
གནས་ཚུལ་མཁོ་སྤྲོད་པ་གཅིག་གིས། ད་ལྟའི་ཆར་དགོན་པའི་ལྷ་རྟེན་མཆོད་གསུམ་ཉེ་འཁོར་གྱི་གྲོང་ཚོ་ཞིག་ཏུ་ཉར་ཡོད་ན་ཡང་། གཞུང་ངོས་ནས་དགོན་པ་བསྐྱར་དུ་འཛུགས་སྐྲུན་བྱེད་པར་ལོ་གཉིས་ནས་གསུམ་བར་འགོར་རྒྱུ་ཡིན་ཚུལ་བརྗོད་བཞིན་ཡོད་པ་དང་། དགོན་པ་བསྐྱར་བཞེངས་ཞུ་ཆེད་དེ་སྔ་རྒྱ་སྒོར་ཁྲི་ཁ་ཤས་སྤྲད་ཡོད་པ་ལས། དེ་མིན་ལྷག་དངུལ་རིགས་ད་དུང་གང་ཡང་སྤྲོད་ཀྱིན་མེད་པའི་སྐོར་སོགས་འགྲེལ་བརྗོད་གནང་བྱུང་ལ། ཕྱི་ཟླ་༧ཚེས་འགོར་རྒྱ་ནག་གཞུང་འབྲེལ་མཚོ་ལྷོ་ནགས་ཚལ་ལས་ཁང་དང་རང་བྱུང་རྩྭ་སའི་ལས་ཁུངས་ཟེར་བས་གནས་ཚུལ་སྤེལ་བའི་ནང་། མཚོ་ལྷོ་ཁུལ་གྱི་དམར་ཤོག་དྲུང་ཆེ་ལུའུ་ཀང་(Lu Gang)་ཟེར་བས་གློག་འདོན་ས་ཚིགས་རྒྱག་ཡུལ་དུ་ལྟ་སྐོར་བྱས་པ་དང་འབྲེལ། ཨ་ཚོགས་དགོན་པ་གཏོར་བཤིག་དང་གནས་སྤོ་བྱ་རྒྱུ་འདི་རྒྱ་ནག་གཞུང་གི་ལས་དོན་དམིགས་ས་གཙོ་བོ་ཡིན་ཡང་། གསར་རྒྱག་དང་འཛིན་སྐྱོང་གི་ལས་དོན་ངོ་བོར་བསྒྱུར་ཏེ་རྟེན་གཞི་དམ་པོ་འཛུགས་སྐྲུན་དང་། འཐབ་འཛིང་མཁར་རྫོང་བརྟན་པོ་འཛུགས་སྐྲུན་བྱ་རྒྱུ། འགོ་གཙོར་རྒྱབ་སྐྱོར་མཉམ་རུབ་ཀྱིས་དཀའ་ངལ་སེལ་བ། ཐོན་སྐྱེད་འཚོ་བའི་གོ་རིམ་བརྟན་སྲུང་། ཆོས་ཕྱོགས་ཀྱི་བྱེད་སྒོ་རྒྱུན་སྐྱོང་བྱེད་པ་སོགས་ལ་དམིགས་བཞིན་ཡོད་ཚུལ་བཤད་ཡོད་འདུག

རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༢༡ལོའི་ཟླ་༡༢ནས་ས་གནས་དེའི་རྨ་ཆུའི་བཞུར་རྒྱུན་ལ་གློག་འདོན་ཆུ་མཛོད་ས་ཚིགས་རྒྱག་འཆར་བྱས་པ་དང་འབྲེལ། ཕྱི་ལོ་༢༠༢༤ལོ་འགོ་ནས་བཟུང་རྒྱ་ནག་གཞུང་འབྲེལ་ངོས་ནས་ཡུལ་དེའི་རྨ་ཆུའི་ཉེ་འགྲམ་དུ་ཆགས་པའི་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དགོན་པ་གནས་སྤོ་འགོ་འཛུགས་བྱས་ཡོད་པ་དང་། ཨ་ཚོགས་དགོན་པ་འདི་བཞིན་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཁོངས་ནས་རྩིས་མེད་བཏང་ཡོད་པ་མ་ཟད། ས་གནས་དགོན་གྲོང་གཉིས་ལ་འདོད་མོས་མེད་བཞིན་དུ་བཙན་ཐབས་ཀྱིས། དགོན་པ་དཔལ་ཁ་གྲོང་རྡལ་དང་ཐག་ཉེ་བའི་ཁྱོ་དཀར་སྣག་ལོ་ཞེས་པའི་ས་གནས་སུ་གནས་སྤོ་བྱེད་བཞིན་ཡོད་པ་རེད།
དེ་འབྲེལ་ས་གནས་རྒྱ་ནག་གི་གསར་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། སྤྱི་ཟླ་༦པའི་ཚེས་༢༥ཉིན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱི་རྒྱ་ནག་དམར་ཤོག་དྲུང་ཆེ་ལུའུ་ཀཱང་(Lu Gang)་གིས་དཔའ་ཁ་གྲོང་རྡལ་གྱི་ཉེ་འགྲམ་རྨ་ཆུ་གཙང་པོར་ཆུ་ཤུགས་གློག་འདོན་ས་ཚིགས་འཛུགས་བསྐྲུན་བྱེད་ས་དང་། གཞན་ཨ་ཚོགས་དགོན་པ་དང་ཐང་ནག་སོགས་གྲོང་བརྡལ་ཁག་གནས་སྤོར་བྱེད་སར་གཟིགས་སྐོར་བྱས་ཡོད་ཚུལ་དང་། ཁོང་གིས་སྐབས་དེར་དཀར་མོ་གཡང་འཁྱིལ་རྨ་ཆུའི་འབབ་རྒྱུད་དུ་ཆུ་ཤུགས་གློག་འདོན་ས་ཚིགས་འཛུགས་བསྐྲུན་བྱེད་པ་ནི། རྒྱལ་ཡོངས་ཀྱི་དྭངས་གཙང་གློག་གི་ནུས་ཁུངས་ཐོན་ལས་མཐོ་སྒང་དུ་འཛུགས་སྐྲུན་བྱེད་པའི་ལས་གཞི་གལ་ཆེན་ཞིག་ཡིན་ཚུལ་དང་། བྲག་དཀར་རྫོང་ཁོངས་རྨ་ཆུའི་རྒྱུད་དུ་གནས་བའི་ཐང་ནག་ཡུལ་ཚོའི་གྲོང་བརྡལ་གསུམ་མཉམ་བསྲེས་དང་། གནས་སྤོར་བྱས་པའི་ཨ་ཚོགས་དགོན་པའི་འཛུགས་སྐྲུན་དང་། དེའི་རྗེས་ཀྱི་བཟོ་བསྐྲུན་སོགས་ཀྱི་ལས་དོན་སྔར་བཞིན་དཀའ་ཚེགས་ཆེ་ལ་རྙོག་འཛིང་ཆེ་བ་ཡིན་ཡང་། ང་ཚོས་ངེས་པར་དུ་འབད་བརྩོན་ཆེན་པོས་དཀའ་ངལ་ལ་ཁ་གཏད་བཅག་སྟེ། ཁུལ་དང་རྫོང་དང་གྲོང་བརྡལ་དང་རྨ་ཆུ་བཟོ་བསྐྲུན་ཁེ་ལས་ཚན་པ་བཅས་མཉམ་འབྲེལ་གྱིས་ལས་དོན་ལེགས་འགྲུབ་ལ་འབད་བརྩོན་བྱེད་དགོས་ཚུལ་སོགས་བརྗོད་ཡོད་པའི་གནས་ཚུལ་སྤེལ་འདུག

གསར་འགོད་པ། ཀེ་ཐོ། དཔལ་འབར།
རྩོམ་སྒྲིག་པ། བསྟན་འཛིན་པདྨ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།