བོད་དོན་རྒྱབ་སྐྱོར་བ་གཉིས་བཙན་བྱོལ་བོད་མིའི་བསྟི་གནས་སུ་གཟིགས་སྐོར།

2023.10.11
བོད་དོན་རྒྱབ་སྐྱོར་བ་གཉིས་བཙན་བྱོལ་བོད་མིའི་བསྟི་གནས་སུ་གཟིགས་སྐོར། བོད་དོན་རྒྱབ་སྐྱོར་བ་གཉིས་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་རྣམ་གཉིས།
དབུས་བོད་མིའི་སྒྲིག་འཛུགས།

ཨི་ཊ་ལིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་སྲིད་དོན་ཚོགས་པ་(Atlas)ཞེས་པ་གསར་འཛུགས་གནང་མཁན་སྐུ་ཞབས་Andrea Venzon ལགས་དང་། ལྕམ་Colombe C. Salvadorརྣམ་གཉིས་བོད་མིའི་སྒྲིག་འཛུགས་གཙོ་བོ་གྱུར་བའི་བཙན་བྱོལ་བོད་མིའི་མང་གཙོའི་ལམ་བུ་དང་། བོད་མི་འཐབ་རྩོད་སོགས་ལ་རྒྱུས་ལོན་སླད་ཉེ་ལམ་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་ཀྱིས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འགོ་ཁྲིད་སོགས་ལ་ཐུགས་འཕྲད་ཀྱིས་བོད་དོན་གླེང་སློང་གནང་འདུག

དེ་ཡང་དགུང་ལོ་༣༡ ཡིན་པའི་སྐུ་ཞབས་Andrea Venzon ལགས་ནི་ཨི་ཊ་ལི་རུ་སྐྱེས་འཚར་བྱུང་འདུག་ཅིང་། ཁོང་གིས་རྒྱལ་སྤྱིའི་ཆབ་སྲིད་ཚོགས་པ་དེ་གསར་འཛུགས་གནང་དགོས་པའི་རྒྱུ་མཚན་ནི། གུ་ཡངས་དང་རང་དབང་ལྡན་པའི་འཛམ་གླིང་ཞིག་སྐྲུན་རྒྱུ་ཙམ་མ་ཟད། འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་གོང་མཐོར་གཏོང་རྒྱུའི་ཆེད་དུ་ཡིན་ཞེས་དང་། ཚོགས་པ་དེ་བཞིན་ལོ་གསུམ་གོང་དུ་ཐོག་མར་གསར་འཛུགས་གནང་སྟེ། ད་ལྟའི་ཆར་འཛམ་གླིང་གི་རྒྱལ་ཁབ་༡༣༤ནང་ཚོགས་མི་༢༥༠༠༠ ལྷག་ཡོད། ད་རེས་རྡ་རམ་ས་ལར་ཡོང་དགོས་དོན། བོད་མིའི་རང་དབང་འཐབ་རྩོད་དེ་ནི་ང་ཚོས་ཧ་ཅང་གི་གལ་འགངས་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་མུས་ཡིན། མ་འོངས་པར་ངའི་རྒྱལ་ཁབ་ནང་དུ་བོད་མིའི་མངོན་འདོད་སྒྲུབ་ཐབས་སླད་གང་ཐུབ་ཀྱིས་རྒྱབ་སྐྱོར་དང་ལས་འགུལ་སྤེལ་རྒྱུ། ལྷག་དོན་དུ་ང་ལ་རྨི་ལམ་ཞིག་ཡོད་པ་ནི། རྒྱ་ནག་དེ་བཞིན་མང་གཙོའི་རྒྱལ་ཁབ་ཞིག་ཏུ་བསྒྱུར་ཏེ། བོད་མིའི་རང་དབང་སླར་གསོ་ཡོང་རྒྱུ་དེ་ཡིན་ཞེས་གསུངས་བྱུང་།

8-1-scaled-1.jpg

ཡང་ཧྥ་རན་སི་རྒྱལ་ཁབ་ནས་ཡིན་པ་ལྕམ་ Colombe Salvador ལགས་ནི་གོང་ཞུས་རྒྱལ་སྤྱིའི་ཆབ་སྲིད་ཚོགས་པ་དེ་ཐོག་མར་གསར་འཛུགས་གནང་མཁན་གྲས་ཤིག་ཡིན་འདུག ཁོང་གིས། ང་ཚོས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་འགྲོ་ལུགས་དང་རང་དབང་འཐབ་རྩོད་ལ་རྒྱུས་ལོན་བྱེད་པའི་སྐབས། འཛམ་གླིང་གི་རང་དབང་འཐབ་རྩོད་པ་ཚོས་བོད་མིའི་སྒྲིག་འཛུགས་ལ་དཔེ་ལེན་དགོས་པ་མང་པོ་ཞིག་ཡོད་པ་མྱོང་ཚོར་བྱུང་། ད་རེས་ང་ཚོ་འདིར་ཡོང་སྟེ། གཙོ་བོ་བོད་མིའི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་ཇི་ལྟར་གནང་དགོས་པ་རྟོག་ཞིབ་བྱེད་རྒྱུ་དེ་ཡིན་པས། ད་ལྟའི་ཆར་ང་ཚོས་གནད་དོན་གཙོ་བོ་གསུམ་གྱི་ཐོག་གླེང་སློང་བྱེད་དགོས་པ་མཐོང་བྱུང་། དང་པོ་དེ། འཛམ་གླིང་གི་དབུ་ཁྲིད་དང་སྲིད་གཞུང་རྣམས་ལ་བོད་དེ་ལོ་རྒྱུས་ཐོག་ནས་རང་བཙན་རྒྱལ་ཁབ་ཡིན་པ་དང་ད་ལྟའི་ཆར་རྒྱ་ནག་གཞུང་གིས་བཙན་བཟུང་འོག་ཡོད་པ་ངོས་འཛིན་བྱེད་དགོས་པའི་ཞུ་གཏུག་བྱ་རྒྱུ་དང་། གཉིས་པ། བོད་མིའི་ཤེས་ཡོན་གོང་མཐོར་ཐད་རྒྱབ་སྐྱོར་གནང་རྒྱུ། གསུམ་པ། བོད་ཀྱི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་དང་འབྲེལ་ལས་འགུལ་སྤེལ་རྒྱུ་སོགས་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།

གཞན་ཡང་འདི་ཚེས་༡༠ཉིན་གོང་ཞུས་བོད་དོན་རྒྱབ་སྐྱོར་བ་རྣམ་གཉིས་ཀྱིས་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་གཉིས་དང་མཇལ་མོལ་སྐབས། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་གིས། རྒྱ་ནག་གཞུང་གིས་བོད་ནང་བྱིས་པ་ས་ཡ་གཅིག་མན་ཙམ་རྒྱ་ནག་གཞུང་གི་སྟངས་འཛིན་འོག་ཡོད་པའི་བཅའ་སྡོད་སློབ་གྲྭའི་ནང་བཙན་ཤེད་ཀྱིས་སློབ་འཇུག་བྱེད་བཅུག་སྟེ། བོད་མི་རྒྱ་བསྒྱུར་གྱི་ལས་གཞི་སྤེལ་བཞིན་ཡོད་པ་དང་། བོད་ནང་ས་ཁུལ་གཅིག་ནས་གཞན་ལ་འགྲུལ་བསྐྱོད་ལའང་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། མཐོ་སྒང་བོད་ཀྱི་ཁོར་ཡུག་གི་གལ་གནད་སོགས་ཀྱི་ཐོག་གསུངས་འདུག།

གསར་འགོད་པ། བློ་བཟང་དགེ་ལེགས།

རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎