ཨེ་ཤེ་ཡའི་ཡུལ་གྲུས་བོད་དོན་རྒྱབ་སྐྱོར།


2013.08.26
ཨེ་ཤ་ཡའི་ཡུལ་གྲུ་ནས་བོད་དོན་རྒྱབ་སྐྱོར། རྒྱལ་ས་ལྡི་ལིའི་ནང་ཨེ་ཤ་ཡའི་ཡུལ་གྲུའི་བོད་དོན་རྒྱབ་སྐྱོར་བའི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ཇོ་ལེབ་ཆོས་འཕེལ།

༄༅༎ཕྱི་ཟླ་བརྒྱད་པའི་ཚེས་ཉི་ཤུ་དྲུག་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་། ཨེ་ཤེ་ཡའི་ཡུལ་གྲུའི་ནང་གི་བོད་དོན་རྒྱབ་སྐྱོར་བ་དང་། བོད་མི་བརྒྱ་ཕྲག་འགའ་ཤས་ཀྱིས་བོད་དོན་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་པ་དེའི་ནང་། ཆབ་སྲིད་མི་སྣ་དང་། སློབ་ཕྲུག སྤྱི་ཚོགས་ཞབས་ཞུ་བ། དམག་ཞབས་ཟུར་པ་སོགས་མང་པོ་ཞིག་མཉམ་ཞུགས་གནང་ཡོད་འདུག ལྷག་པར་དུ་ལས་འགུལ་གྱི་འདུ་འཛོམས་སར་མ་ཡན་མར་རམ་དེ་སྔ་བྷར་མ་ཞེས་འབོད་པའི་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་Tint Swe མཆོག་དང་། དེ་སྔ་ཕྱི་ལོ་ ༡༩༦༢ ལོར་རྒྱ་དཀར་ནག་གཉིས་དབར་དམག་འཁྲུགས་བྱུང་བའི་སྐབས་དམག་ཞབས་གནང་མྱོང་མཁན་Abdul Rasool Khan ཞུ་བའང་མཉམ་ཞུགས་གནང་བ་ཡོད་པ་མ་ཟད་ཁོང་གིས་བོད་ཀྱི་བདེན་མཐའ་སེལ་ཐབས་སུ་རྒྱ་གར་གྱི་ངོས་ནས་རོགས་རམ་བྱེད་རྒྱུར་འགན་ཡོད་རེད་ཅེས་གསུངས་འདུག དེ་དང་ཕྱོགས་མཚུངས་ཨ་རུ་ན་ཅལ་མངའ་སྡེ་དང་བལ་ཡུལ་ནས་ཀྱང་བོད་དོན་རྒྱབ་སྐྱོར་བའི་ཚོགས་མི་ཁག་ཅིག་ནས་གཏམ་བཤད་སྤེལ་གནང་ཡོད་པ་རེད།
ཡང་ལས་འགུལ་སྐབས་ལོ་ངོ་མང་པོའི་རིང་བོད་དོན་རྒྱབ་སྐྱོར་གནང་མཁན་གསར་འགོད་པ་དང་། པར་པ་སྐུ་ཞབས་Vijay Kranti མཆོག་ནས་ཀྱང་གསུང་བཤད་གནང་བའི་ནང་། ཕྱི་ལོ་ ༡༩༤༩ ལོའི་སྔོན་ལ་རྒྱ་དཀར་ནག་གཉིས་ཟེར་བའི་ས་མཚམས་ཡོད་མ་རེད་ཅེས་གསུང་བ་སོགས། གང་ལྟར་དེར་ཕེབས་པའི་གནད་ཡོད་མི་སྣ་ཚོས་བོད་དོན་རྒྱབ་སྐྱོར་མཚོན་ཆེད་གསུང་བཤད་གནང་བ་དང་། རྒྱ་གར་གཞུང་ལ་བོད་དོན་ཐོག་ཆབ་སྲིད་ཀྱི་རྒྱབ་སྐྱོར་ཤུགས་ཆེ་ཙམ་གནང་དགོས་པའི་འབོད་སྐུལ་དང་། རྒྱ་ནག་གཞུང་ནས་བོད་ནང་གི་བོད་མི་ཚོའི་ཐོག་སྡུག་སྦྱོར་མནར་གཅོད་ཀྱི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད། ལས་འགུལ་འདི་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་སྐབས་གྲོས་ཆོད་བྱུང་བའི་ཁོངས་ཀྱི་ཆ་ཤས་ཤིག་ཡིན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎