ཨེ་ཤེ་ཡའི་རྩེད་འགྲན་སྐབས་གསར་འགོད་རང་དབང་སྤྲོད་རྒྱུ།
2008.10.20
༄༅༎རྒྱ་ནག་གཞུང་ནས་ཕྱི་ལོ་༢༠༡༠ལོར་གོང་དྲའོའི་ནང་ཨེ་ཤེ་ཡའི་རྩེད་འགྲན་ཚུགས་པའི་སྐབས་གསར་འགོད་རང་དབང་སྤྲོད་རྒྱུ་ཡིན་ལུགས་གཏམ་བཤད་སྤེལ་འདུག
ཕྱི་ལོ་༢༠༡༠ལོར་རྒྱ་ནག་གི་གོང་དྲའོ་གྲོང་ཁྱེར་ནང་ཨེ་ཤེ་ཡའི་རྩེད་འགྲན་ཆེན་མོ་ཚུགས་པའི་སྐབས་ས་གནས་རྒྱས་བཅད་གཏན་འབེབས་ཁག་ཅིག་ནང་ངོ་རྒོལ་གྱི་ལས་འགུལ་སྤེལ་ཆོག་པ་དང་དེ་བཞིན་གསར་འགོད་པར་རང་དབང་སྤྲོད་རྒྱུ་ཡིན་ལུགས་དེ་རིང་ཁུལ་དེའི་འབྲེལ་ཡོད་དཔོན་རིགས་གུ་ཤི་ཡང་ནས་ཨེ་ཨེཕ་པི་གསར་འགོད་པའི་འདྲི་བར་ལན་འདེབས་བྱས་འདུག འོན་ཀྱང་གསར་འགོད་པ་དེས་མུ་མཐུད་ནས་གནད་དོན་འདིའི་སྐོར་ཞིབ་ཕྲའི་འདྲི་བ་བཏང་བའི་སྐབས་ཁོ་པ་བསུན་སྣང་ལྟབུར་གྱུར་ནས་ང་ཚོ་ད་ལྟའི་འཆར་རྩེད་འགྲན་ཚོགས་རྒྱུའི་གྲ་སྒྲིག་བྱེད་བཞིན་པ་ལས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་ཐོག་གྲ་སྒྲིག་བྱེད་ཀྱི་ཡོད་མ་རེད་ལ་ཁྱེད་རང་གི་འདྲི་བ་འདི་འདྲའི་རིགས་ལ་དོ་སྣང་བྱེད་འདོད་མེད་ཅེས་རྣམ་འགྱུར་ངན་པ་བསྟན་ཡོད་འདུག
རྒྱ་ནག་གཞུང་ནས་འདི་ལོ་ཕྱི་ཟླ་བརྒྱད་པའི་ནང་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་མགྲོན་བདག་བྱེད་པའི་སྐབས་སུའང་པེ་ཅིང་གི་ས་གནས་ཁག་གསུམ་ནང་ངོ་རྒོལ་གྱི་ལས་འགུལ་སྤེལ་ཆོག་རྒྱུའི་ས་གནས་གཏན་འབེབས་བྱས་ཡོད་པ་རེད་ ཡིན་ནའང་དེའི་ནང་ངོ་རྒོལ་བྱེད་མཁན་ཚོར་ཆོག་མཆན་སུ་ལའང་སྤྲད་མེད་པའི་ཁར་ཆོག་མཆན་ཞུ་མཁན་བུད་མེད་རྒས་མོ་གཉིས་དོ་དམ་ཉེས་ཆད་བཀལ་བ་སོགས་ཀྱི་གནས་ཚུལ་བྱུང་ཡོད་དུས་དོན་དངོས་ཐོག་རྒྱ་ནག་གཞུང་ནས་ཁས་ལེན་དང་དྲིལ་བསྒྲགས་བྱས་པ་གཞིར་བཟུང་ཡོང་གི་མེད་པར་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་སོགས་ནས་སྐྱོན་བརྗོད་བྱས་ཡོད་པ་རེད་
ལྷག་པར་དུ་བོད་ནང་གསར་འགོད་པ་ཚོར་ད་ལྟའང་དམ་བསྒྲགས་ཡོད་མུས་ཡིན་པ་རེད།