༧གོང་ས་མཆོག་གི་མ་འོངས་ཡང་སྲིད་ཐག་གཅོད་གནང་ཕྱོགས་ཐད་སྤྱི་མོས་གྲོས་ཆོད་བཞག་འདུག
ཨེ་ཤེ་ཡའི་ནང་པའི་ཞི་བདེ་ཆོས་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐོག་མ་འོངས་༧གོང་ས་མཆོག་གི་ཡང་སྲིད་ཐག་གཅོད་གནང་རྒྱུའི་དབང་ཆ་ཡོངས་རྫོགས་༧གོང་ས་མཆོག་ལ་ཡོད་པར་སྤྱི་མོས་ཀྱིས་རྒྱབ་སྐྱོར་གནང་ཡོད་འདུག
དེ་ཡང་ཉེ་བའི་སྤྱི་ཟླ་༡པོའི་ཚེས་༡༤ཉིན་དྲ་ལམ་བརྒྱུད་ནས། ཤྲི་ལངྐའི་ནང་ཡོད་པའི་ཨེ་ཤེ་ཡའི་ནང་པའི་ཞི་བདེ་ཆོས་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༡༣ཚོགས་ཡོད་པ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ལགས་མཉམ་ཞུགས་བྱས་ཐོག མ་འོངས་༧གོང་ས་མཆོག་གི་ཡང་སྲིད་ཐད་བཀའ་མོལ་གནང་བ་ལྟར། མ་འོངས་པར་དགའ་ལྡན་ཕོ་བྲང་གི་སྒྲིག་འཛུགས་དང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྤྲུལ་ལམ་ལུགས་སྔར་མུས་བཞིན་རྒྱུན་གནས་ངེས་པར་དགོས་པ་དང་། དེ་བཞིན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་ཕེབས་ཕྱོགས་ཐག་གཅོད་གནང་རྒྱུའི་དབང་ཆ་ཡོངས་རྫོགས་སྤྱི་ནོར་༧གོང་ས་སྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གང་ཉིད་གཅིག་པུར་ཡོད་པ་ལས། གཞན་སྲིད་གཞུང་སོགས་སུ་ལའང་མེད། གལ་སྲིད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས་༧རྒྱལ་བའི་ཡང་སྲིད་ངོས་འཛིན་དང་འདེམས་སྒྲུག་བྱས་པ་བྱུང་ཚེ། ཡང་སྤྲུལ་དེར་བོད་མི་རྣམས་ནས་ངོས་འཛིན་དང་དད་མོས་བྱ་རྒྱུ་མིན། ༧རྒྱལ་དབང་མཆོག་གི་ཡང་སྲིད་བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་ལམ་སྲོལ་ལྟར་ངོས་འཛིན་ཞུ་རྒྱུ་ཡིན་པ་བཅས་ཀྱི་སྐོར་གསུངས་ནས་གོ་བསྡུར་བྱས་མཐར། ཨེ་ཤེ་ཡའི་ནང་པའི་ཞི་བདེ་ཆོས་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༡༣པའི་ཐོག་ཚོགས་མི་རྣམ་པས་སྤྱི་མོས་ཀྱིས་དེར་རྒྱབ་སྐྱོར་གནང་ནས་གྲོས་ཆོད་བཞག་ཡོད་པ། ཚེས་༡ཉིན་གཟའ་ཟླ་བའི་ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག
ཚོགས་འདུའི་ཐོག་ཤྲི་ལངྐའི་སྲིད་འཛིན་སྐུ་ཞབས་(Gotabaya Rajapaksa)ལགས་སོགས་མཉམ་ཞུགས་གནང་ཡོད་པ་མ་ཟད། ཤྲི་ལངྐའི་གྲོས་ཚོགས་འཐུས་མི་(Wijeyadasa Rajapakshe)ལགསཀྱིས་གཏམ་བཤད་གནང་ཡོད་པ་རེད།