རྒྱ་གཞུང་གིས་བོད་མིའི་ས་ཁུལ་གང་སར་དམ་བསྒྲཌ་བྱེད་བཞིན།
2009.03.15
༄༅༎སྔར་ལོ་ཕྱི་ཟླ་གསུམ་པའི་ཚེས་བཅུ་བཞི་ཉིན་བོད་ཀྱི་རྒྱལ་ས་ལྷ་སས་གཙོས་བོད་ཆོལ་ཁ་གསུམ་གྱི་ནང་ཞི་རྒོལ་རྒྱ་ཆེ་བྱུང་བ་འདི་ལོ་བསྐྱར་ལངས་མི་ཡོང་ཆེད་རྒྱ་ནག་གཞུང་གིས་རྒྱལ་ས་ལྷ་སས་གཙོས་གནས་ཡུལ་བོད་མིའི་ས་ཁུལ་གང་སར་ལག་ཏུ་གོ་མཚོན་ཐོགས་པའི་རྒྱ་གཞུང་གི་དྲག་ཆས་དམག་མི་ཁྱོན་ཆེས་སྲང་ལམ་ཁག་དང་ལམ་ཟུར་ཁག་རྒྱུན་གཏན་མི་ཚོགས་འདུ་འཛོམས་ཆེ་ཡུལ་བཅས་སུ་མངོན་གསལ་དོད་པོའི་ཐོག་བསྐོར་གཡེང་བྱེད་བཞིན་ཡོད་པའི་སྐོར་ལྷོ་རྒྱ་ནག་སྔ་དྲོའི་ཕོ་ཉ་ཞེས་པའི་གསར་ཤོག་གི་གསར་འགོད་པས་ལྷ་ས་ནས་གསར་འགོད་གནང་འདུག
ལྷག་པར་སྔར་ལོ་རྒྱ་ནག་གཞུང་གི་དྲག་གནོན་ལ་ཞི་རྒོལ་ཤུགས་ཆེ་བར་བསྐོར་དང་ཇོ་ཁང་མདུན་དུ་བྱུང་ཡོད་པར་བརྟེན་ས་གནས་དེ་གཉིས་ཁུལ་དུ་ཡོད་པའི་ཟ་ཁང་དང་ཚོང་ཁང་སོགས་ཕྱི་ཚེས་བཅུ་བཞི་ཉིན་སྒོ་བརྒྱབ་འདུག ཡང་ར་མོ་ཆེ་དགོན་པའི་ནང་དགེ་འདུན་པ་གྲངས་ལྔ་བཅུ་སྐོར་ཞལ་འདོན་གནང་བཞིན་ཡོད་ན་ཡང་མཐའ་སྐོར་དུ་ཉེན་རྟོག་དམག་མི་ཕོན་ཆེ་འགྲེམས་འཇོག་བྱས་ཡོད་པ་རེད། ལྷག་པར་དུ་ཕྱི་ནས་ཡུལ་སྐོར་སྤྲོ་འཆམ་པར་བཀག་སྡོམ་བྱས་པར་བརྟེན་གནས་སྐོར་བ་ཕྱག་འཚལ་བསྐོར་སྦྱོང་བྱེད་མཁན་དང་ཉེན་རྟོག་པ་དང་དམག་མིའི་གྲངས་འབོར་བསྡུར་ན་ཉེན་རྟོག་པ་དང་དམག་མི་མང་བ་ཡོད་པའི་ཚོར་སྣང་བྱུང་ལུགས་གོང་ཞུས་གསར་ཤོག་གི་གསར་འགོད་པས་ས་གནས་ནས་གནས་ཚུལ་བཀོད་འདུག ཡང་བཙན་བྱོལ་བོད་གཞུང་གི་གནས་ཚུལ་སྤེལ་བར་གཞིགས་ན་གནས་ཡུལ་བོད་མིའི་ས་གནས་མང་ཆེ་བར་འགྲུལ་བཞུད་བྱ་རྒྱུར་ཡང་བཀག་འགོག་བྱས་པ་དང་ལྷག་པར་ཁམས་དཀར་མཛེས་ཁུལ་དུ་ཚོང་ཁང་དང་ཟ་ཁང་ཚང་མ་སྒོ་རྒྱག་ཏུ་བཅུག་པ་མ་ཟད་སྒེར་པའི་རླངས་འཁོར་འགྲུལ་སྐྱེལ་བྱ་རྒྱུ་བཀག་འགོག་དང་འབྲེལ་བོད་མི་འགྲོ་འོང་བྱ་རྒྱུར་ཡང་དྲག་ཆས་དམག་མིས་བཀག་འགོག་བྱས་ཏེ་དམ་བསྒྲགས་ཤིན་ཏུ་ཆེན་པོ་བྱས་དང་བྱེད་བཞིན་ཡོད་པའི་གནས་ཚུལ་དང་དེ་མཚུངས་བོད་ཀྱི་ས་ཁུལ་ཚང་མའི་ནང་རྒྱ་གཞུང་ནས་དྲག་ཆས་དམག་མི་ཁྱོན་ཆེ་བཏང་སྟེ་བོད་མི་རྣམས་ལ་བསུན་གཙིར་དང་དམ་བསྒྲགས་ཆེན་པོ་བྱས་དང་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག།