བཀའ་བློན་འོས་མི་བདུན་ལ་གྲོས་ཚོཊ་ནང་མང་མོས་བྱུང་བ།
2016.06.01
སྲིད་སྐྱོང་མཆོག་གིས་བཏོན་པའི་བཀའ་བློན་འོས་མི་བདུན་ལ་གྲོས་ཚོཊ་ནང་མང་མོས་བྱུང་བ་དང་འབྲོང་ཆུང་དངོས་གྲུབ་མཆོག་ལྡི་ལི་དོན་གཅོད་ལ་བསྐོ་བཞག
སྐབས་༡༦་པའི་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ལྷན་ཚོགས་དང་པོ་དེ་དེ་རིང་ཕྱི་ཟླ་༦་ཚེས་༡་ཉིན་ལྷན་ཚོགས་གནང་ཡོད་པ་དང་། ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། སྐབས་༡༦པའི་སྤྱི་འཐུས་རྣམས་ལ་མཚམས་འདྲི་ཞུས་ཐོག་གསུང་བཤད་གནང་བའི་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་གནང་བ་གཞིར་བཟུང་བོད་མི་ནང་ཁུལ་མཐུན་ལམ་རྡོག་རྩ་ཆིག་བསྒྲིལ་དང་། བོད་ཕྱི་ནང་གཉིས་ཀྱི་བོད་མིའི་མངོན་འདོད་སྒྲུབ་ཆེད་ལས་དོན་ལྷག་བསམ་རྣམ་དག་ཐོག་ནས་གནང་དགོས་པའི་འབོད་བསྐུལ་ཞུས་འདུག དེ་བཞིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཀྱང་འཚམས་འདྲི་གནང་བའི་ནང་། ཐེངས་འདིའི་སྤྱི་འཐུས་ནང་བོད་ནས་གསར་དུ་ཕེབས་པ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་ནང་ཕྱག་ལས་གནང་མྱོང་མཁན་ས་གནས་གཞིས་འགོ་ཟུར་པ་དང་། བེུད། དེ་བཞིན་སྤྱི་ཚོགས་ཞབས་ཞུ་བ་སོགས་སྣ་འཛོམས་ཞིག་ཕེབས་ཡོད་པར་ཚང་མར་མཚམས་འདྲི་བཀྲིས་བདེ་ལེགས་ཡོད་ཅེས་གསུངས་གནང་འདུག
ལྷན་ཚོགས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྐབས་༡༥པའི་བཀའ་ཤག་གི་བཀའ་བློན་གྱི་འོས་མིའི་མཚན་དང་ལོ་རྒྱུས་སྙིང་བསྡུས་རེ་སྒྲོགས་སྦྱང་གནང་རྗེས། གྲོས་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་མང་མོས་ཐོག་འོས་འདེམས་གནང་འདུག དེ་ཡང་སྲིད་སྐྱོང་མཆོག་གི་འོས་གཞིར་མིང་འདོན་གནང་སྟེ་བཀའ་བློན་དུ་བསྐོ་བཞག་བྱུང་བའི་བཀའ་བློན་རྣམས་ནི་ སྐབས་༡༤པའི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་། བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་མཆོག ནང་སྲིད་དྲུང་ཆེ་ཟུར་པ་འཁོར་ལྷ་ཚང་བསོད་ནམ་སྟོབས་རྒྱལ་མཆོག བདེ་སྲུང་དྲུང་ཆེ་ཟུར་པ་འཕགས་པ་ཚེ་རིང་མཆོག སྤྱི་འཐུས་ཟུར་པ་ཀརྨ་ཡེ་ཤེས་མཆོག སྤྱི་འཐུས་ཟུར་པ་མཆོད་སྐྱོང་དབང་ཕྱུག་མཆོག ཤར་གླིང་ཟླ་སྒྲོན་མཆོག་བཅས་ཡིན་འདུག
དེ་བཞིན་ཕྱི་ཟླ་༦ཚེས་༡་ཉིན་གྱི་ཉིན་རྒྱབ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོམས་ཆེན་ནང་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གི་མདུན་དུ་བཀའ་ཤག་སྐབས་ ༡༥་པའི་བདམས་ཐོན་བཀའ་བློན་རྣམ་པས་ལས་ཁུར་དང་གསང་རྒྱའི་དམ་བཅའ་ཕུལ་གནང་འདུག།
དེ་བཞིན་གནས་ཚུལ་ལྟར་ན། བདེ་སྲུང་བཀའ་བློན་ཟུར་པ་འབྲོང་ཆུང་དངོས་གྲུབ་མཆོག་ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་འདུག་ལ་ཁོང་གིས་ཕྱི་ཟླ་༧་ཚེས་༡༥་ནས་ལས་ཁུར་དབུ་འཛུགས་གནང་རྒྱུ་ཡིན་པའི་གསལ་བསྒྲགས་བཀའ་དྲུང་ཡིག་ཚང་ནས་གནང་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ།