ཨ་རིའི་འབྲེལ་ཡོད་མི་སྣའི་གསང་བ་རྐུ་འཁྱེར།
2011.06.02
༄༅༎རྒྱ་ནག་གིས་ཨ་རིའི་གཞུང་གི་མཐོ་རིམ་དཔོན་རིགས་དང་གསར་འགོད་པ་། རྒྱ་མི་རིགས་ཆབ་སྲིད་དོན་གཉེར་བ་དང༌། དམག་དོན་མི་སྣ་སོགས་ཀྱི་འཕྲིན་གཏོང་ཁ་བྱང་ནང་བར་འཛུལ་བྱས་ཏེ་གསང་བ་རྐུ་འཁྱེར་བྱེད་ཀྱི་ཡོད་པའི་སྐྱོན་འཛུགས་གུའུ་གལ་(Google)གནས་འཕྲིན་དྲ་ལམ་གྱིས་བྱས་པ་དེར། དེ་རིང་རྒྱ་ནག་གིས་ངོས་ལེན་བྱས་མི་འདུག།
རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཧོང་ལེ་ཡིས་གསར་འགོད་པ་ཚོར་འགྲེལ་བརྗོད་བྱེད་ཡག་ལ། རྒྱ་ནག་ཐོག་སྐྱོན་འཛུགས་བྱེད་ཡག་དེར་ངོས་ལེན་རྩ་བ་ནས་མེད། གནས་འཕྲིན་དྲ་རྒྱའི་ནང་བར་འཛུལ་བྱས་ཏེ་གསང་བ་རྐུ་འཁྱེར་དང་འབྲེལ་བའི་ལས་དོན་ལ་རྒྱ་ནག་གཞུང་གིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་དེ་ནི་རྫུན་གཏམ་ཡིན་པ་མ་ཟད། ཕ་རོལ་པོའི་ཀུན་སློང་ངན་པ་བཅངས་བ་ཞིག་རེད་ཅེས་སྐྱོན་འཛུགས་དེར་ངོས་ལེན་བྱས་མེད་པ་རེད།
ཁ་ས་གུའུ་གལ་གནས་འཕྲིན་འཚོལ་ཞིབ་དྲ་རྒྱས་ ཨ་རིའི་གཞུང་གི་མཐོ་རིམ་དཔོན་རིགས་དང་གསར་འགོད་པ་། རྒྱ་མི་རིགས་དོན་གཉེར་བ་ཚོའི་ཇི་མེལ་(Gmail)ནང་བར་འཛུལ་བྱས་ནས་གནས་ཚུལ་རྐུ་འཁྱེར་བྱེད་བཞིན་ཡོད་པའི་ལས་འགུལ་དེའི་འབྱུང་ཁུངས་རྒྱ་ནག་ཤར་ཕྱོགས་ཧྲན་ཏོང་ཞིང་ཆེན་གྱི་རྒྱལ་ས་ཅི་ནན་ནང་ཡོད་པ་རྩད་གཅོད་ཐུབ་ཡོད་སྐོར་གསུང་ཡོད་ནའང༌། དངོས་སུ་རྒྱ་ནག་གི་གཞུང་འཛིན་དཔོན་རིགས་ཚོར་ཐད་ཀར་སྐྱོན་འཛུགས་གནང་མེད་པ་རེད།
ཉེ་བའི་ཆར་ཨ་རིའི་གཞུང་གི་མཐོ་རིམ་དཔོན་རིགས་དང༌། རྒྱ་ནག་གི་ཆབ་སྲིད་དོན་གཉེར་བ། དམག་དོན་མི་སྣ་དང༌། གསར་འགོད་པ། དེ་བཞིན་ལྷོ་ཀོ་རི་ཡ་གཙོ་བོར་བྱས་པའི་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་དཔོན་རིགས་ཚོའི་ཇི་མེལ་གནས་འཕྲིན་ཁ་བྱང་ནང་བར་འཛུལ་བྱས་ཏེ་གནས་འཕྲིན་གྱི་ནང་དོན་ལྟ་ཀློག་བྱ་རྒྱུའི་ལས་འགུལ་ཞིག་རྩད་གཅོད་ཐུབ་པ་བྱུང་སོང་ལ། ལས་འགུལ་དེས་གནོད་སྐྱོན་བཏང་སའི་དོ་བདག་འབྲེལ་ཡོད་མི་སྣ་ཁག་ལ་བརྡ་ལན་བྱས་ཟིན་པ་ཡིན་ཞེས་གུའུ་གལ་དྲ་རྒྱའི་སྲུང་སྐྱོབ་འཕྲུལ་ལས་སྤྱི་ཁྱབ་ཨེ་རིཀ་གོ་རོསེ་ཡིས་འགྲེལ་བརྗོད་གནང་འདུག།
སྔ་ལོ་ཕྱི་ཟླ་༡པའི་ནང་ བོད་རང་བཙན་སློབ་ཕྲུག་ཚོགས་པའི་ནིའུ་ཡོརཀ་ནང་གི་འབྲེལ་མཐུད་པ་གསལ་སྒྲོན་ལགས་ཀྱི་ཇི་མེལ་གློག་འཕྲིན་སྔོག་པའི་སྐབས་དང་དུས་མཚུངས་རྒྱ་ནག་ནང་ནས་ཁོང་གི་ཁ་བྱང་དེ་མི་གཞན་ཞིག་གིས་བེད་སྤྱོད་བཏང་བ་ཤེས་རྟོགས་བྱུང་མ་ཐག་གུའུ་གལ་ལ་ལན་གནང་རྗེས། རྒྱ་ནག་ནང་ནས་ཁོང་གི་གློག་འཕྲིན་ཁ་བྱང་ནང་བར་འཛུལ་བྱས་ཏེ་གསང་བ་ལེན་ཐབས་བྱེད་ཀྱི་ཡོད་པ་གུའུ་གལ་གྱིས་རྩད་གཅོད་ཐུབ་པ་བྱུང་ཡོག་རེད།