ཐའེ་ལྦན་སྲིད་འཛིན་གྱི་དཔལ་འབྱོར་སློབ་སྟོན་པ་དགོངས་ཞུ།
2009.04.26
༄༅༎ཐའེ་ལྦན་གྱི་སྲིད་འཛིན་མཱ་དབྱིང་ཅུ་ཡི་དཔལ་འབྱོར་གྱི་སློབ་སྟོན་པས་ལས་ཀའི་དུས་ཚོད་སྐབས་ཕྱི་ཕྱོགས་སུ་སྒེར་གྱི་ལས་དོན་ཐོག་ཕྱིན་ཏེ་ལས་ཁུངས་སུ་མི་བསྡོད་པའི་གནས་ཚུལ་ཐོན་པའི་རྗེས་སློབ་སྟོན་པའི་གོ་གནས་ནས་དགོངས་ཞུ་བྱས་ཡོད་པ་རེད།
དེ་ཡང་རྒྱལ་ས་ཐའེ་པེ་ནང་རྟེན་གཞི་བྱས་པའི་དུས་དེབ་ཅིག་ཐོག་དཔལ་འབྱོར་སློབ་སྟོན་པ་ཁོང་གིས་གཞུང་གི་ལས་ཀའི་དུས་ཚོད་རིང་དགའ་རོགས་དང་མཉམ་དུ་བསྐྱོད་པའི་གནས་ཚུལ་དང་འདྲ་པར་བཏོན་ཡོད་པའི་རྗེས་རེས་གཟའ་སྤེན་པའི་ཉིན་ཁོང་གིས་གསར་འགོད་ལྷན་ཚོགས་ཤིག་ཐོག་དུས་དེབ་ནང་བཏོན་པའི་གནས་ཚུལ་བདེན་པ་ཡིན་པའི་ངོས་ལེན་བྱས་པ་དང་ཁོང་གི་དགོང་ཞུར་ཐའེ་ལྦན་སྲིད་འཛིན་གྱིས་བཀའ་ཁྲོལ་གནང་བའི་རྣམ་པ་བཏོན་ཡོད་པ་རེད། ཐའེ་ལྦན་གྱི་སྲིད་འཛིན་མཱ་དབྱིང་ཅུ་ཡིས་ཐའེ་ལྦན་གྱི་དཔལ་འབྱོར་ཉམས་རྒུད་ཕྱིན་པ་སླང་གསོ་བྱ་རྒྱུའི་ཁས་ལེན་བྱས་པ་བཞིན་འབད་བརྩོན་གནང་བཞིན་པའི་སྐབས་དེར་ཁོང་གི་དཔལ་འབྱོར་སློབ་སྟོན་པའི་གནས་ཚུལ་དེ་ཐོན་པར་བརྟེན་རིང་མིན་ཕྱི་ཟླ་དྲུག་པའི་ནང་ཐའེ་ལྦན་དམངས་གཙོ་ཡར་རྒྱས་ཚོགས་པས་སྣེ་ཁྲིད་དེ་སྲིད་འཛིན་མཱ་དབྱིང་ཅུ་ཡིས་ན་ནིང་ཕྱི་ཟླ་ལྔ་པའི་ནང་སྲིད་འཛིན་གྱི་ཐུགས་འགན་བཞེས་པ་ནས་བཟུང་ཐའེ་ལྦན་གྱི་དཔལ་འབྱོར་སླར་གསོ་བྱ་རྒྱུའི་ཁས་ལེན་བྱས་པ་བཞིན་ལག་བསྟར་འཁྱོལ་མེད་པའི་སྐོར་ལ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་རྒྱུའི་འཆར་གཞི་ཡོད་པ་རེད། ལྷག་པར་དུ་དམངས་གཙོ་ཡར་རྒྱས་ཚོགས་པས་སྲིད་འཛིན་མཱ་དབྱིང་ཅུ་ཡིས་རྒྱ་ནག་དང་ཐའེ་ལྦན་བར་ཐད་ཀའི་མཁའ་ལམ་སྒོ་མོ་ཕྱེ་པ་དང་རྒྱ་ནག་ནང་དཔལ་འབྱོར་གྱི་མ་རྩ་འཛུག་རྒྱུ་སྒོ་མོ་ཕྱེ་པ་བརྒྱུད་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་ཀྱི་སྲིད་ཇུས་མུ་མཐུད་རྒྱུན་འཁྱོངས་བྱེད་བཞིན་པ་དེར་འདོད་མོས་རྩ་བ་མེད་ཅིང་ཐའེ་ལྦན་ནི་ཨེ་ཤེ་ཡའི་མངའ་ཁུལ་ནང་ནས་དཔལ་འབྱོར་ཡག་ཤོས་རྒྱལ་ཁབ་དྲུག་པ་དེ་ཡིན་པ་དང་ཡིན་ནའང་བར་ལམ་རྒྱལ་སྤྱིའི་དཔལ་འབྱོར་ཉམས་རྒུད་ཀྱི་རྐྱེན་པས་ཐའེ་ལྦན་གྱི་ཕྱིར་ཚོར་བྱ་གཞག་ཐོག་དོ་ཕོག་ཆེན་པོ་ཐེབས་པར་བརྟེན་ཕྱི་ཟླ་གཉིས་པའི་ནང་དཔལ་འབྱོར་སླར་གསོའི་འཆར་གཞི་ཞིག་གཏན་འབེབས་བྱས་ཡོད་པ་རེད༎