བོད་ཀྱི་སྟོད་མངའ་རིས་རུ་ཐོག་ས་ཁུལ་དུ་གཟའ་སྤེན་པའི་ཉིན་ས་ཡོམས་བརྒྱབ་འདུག་ཀྱང་མི་རྒྱུར་གནོད་འཚེ་ཇི་བྱུང་གསལ་ཁ་མི་འདུག

2024.04.13
བོད་ཀྱི་སྟོད་མངའ་རིས་རུ་ཐོག་ས་ཁུལ་དུ་གཟའ་སྤེན་པའི་ཉིན་ས་ཡོམས་བརྒྱབ་འདུག་ཀྱང་མི་རྒྱུར་གནོད་འཚེ་ཇི་བྱུང་གསལ་ཁ་མི་འདུག
USGS

༢༠༢༤ ཕྱི་ཟླ་ ༤ ཚེས་ ༡༣ རེས་གཟའ་སྤེན་པའི་ཕྱེད་ཡོལ་བོད་ནང་གི་ཆུ་ཚོད་དང་པོ་ཡོལ་ཙམ་ལ་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་མངའ་རིས་ཁུལ་གྱི་རུ་ཐོག་ས་གནས་སུ་ས་ཡོམ་ཞིག་བརྒྱབ་ཡོད་ཅིང་། (USGS) ཞེས་ཨ་མི་རི་ཀའི་ས་ཁམས་བརྟག་ཞིབ་ཚན་པ་དང་། གནས་ཚུལ་འདི་བཞིན་ཐོག་མར་སྤེལ་མཁན་གྲས་ནས་འཇར་མི་ནིའི་ (the German Research Centre for Geosciences-GFZ) ཞེས་ས་གཞི་བརྟག་དཔྱད་ཚན་པ་གཉིས་ཀྱིས་ས་ཡོམ་བྱུང་སའི་ས་གཞི་ལྟེ་བར་ས་ཡོམ་འགུལ་ཚད་ 5.5 བྱུང་ཡོད་པ་བསྒྲགས་འདུག ད་ལྟའི་ཆར་མིའི་ཚེ་སྲོག་ཤོར་བ་སོགས་གནོད་འཚེ་ཇི་བྱུང་གནས་ཚུལ་གང་ཡང་ཐོན་མི་འདུག
སྤྱིར་བོད་ཀྱི་ས་ཁུལ་ཁག་ལ་འདས་པའི་ལོ་ཤས་ནང་ས་ཡོམ་གྱི་ཉེན་ཁ་ཆེ་རུ་ཕྱིན་ཡོད་པ་དང་ལྷག་པར་དུ་ལོ་ངོ་བཅུའི་གོང་བོད་ཀྱི་སྐྱེ་རྒུ་མདོའི་ནང་ས་ཡོམ་གྱི་འགུལ་ཚད་ཧ་ཅང་ཤུགས་ཆེན་པོ་ཞིག་བརྒྱབ་པའི་འོག་མི་མང་པོའི་ཚེ་སྲོག་ཤོར་བ་དང་། མི་རྒྱུ་ཟོག་གསུམ་ལའང་དོ་ཕོག་ཚབས་ཆེ་ཕོག་ཡོད།
ཡང་སྔ་ལོའི་ལོ་མཇུག་ཏུ་བོད་ཀྱི་མཚོ་སྔོན་རྔ་པ་ཁུལ་གྱི་འབར་ཁམས་ས་ཁུལ་དུ་ས་ཡོམ་བརྒྱབ་པའི་འོག་དོ་ཕོག་ཚབས་ཆེ་བྱུང་ཡོད་ནའང་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚོས་བོད་མིའི་འདུ་སྡོད་ས་གནས་ཁག་ཏུ་སྐོར་བསྐྱོད་སླེབས་ནས་སྡོད་གུར་དང་མལ་ཆས་ཕྲན་བུ་བགོས་འགྲེམས་བྱས་པ་ཙམ་ལས་རྒྱ་ནག་ནང་གི་ས་གནས་གཞན་དུ་འབྱུང་བའི་གོད་ཆག་བྱུང་བའི་སྐབས་རྒྱ་ནག་གཞུང་གིས་མཐུན་འགྱུར་སྦྱོར་སྤྲོད་བྱེད་སྟངས་ཇི་བཞིན་རོགས་སྐྱོར་བྱས་མེད་ལུགས་ས་གནས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་བྱས་ཡོད།
ཕྱོགས་མཚུངས་རྒྱུན་གཏན་ནས་བོད་ནང་གི་ས་གནས་གང་སར་དམ་དྲག་བྱེད་ཀྱི་ཡོད་མུས་ཐོག་ས་ཡོམ་དང་གཞན་ཡང་རང་འབྱུང་དཀའ་ངལ་རིགས་འཕྲད་པའི་སྐབས་ས་གནས་དེའི་ནང་གི་གནས་ཚུལ་རྣམས་བརྙན་པར་དང་པར་རིས་སོགས་བླངས་པ་དང་། ཡང་ན་གནས་ཚུལ་ཕྱི་ཕྱོགས་སུ་འགྲེམས་སྤེལ་དང་བརྒྱུད་བསྒྲགས་སོགས་ནམ་ཡང་བྱེད་མི་ཆོག་པའི་བཀོད་ཁྱབ་ནན་པོ་བཏང་སྟེ་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་ལུགས་ཀྱང་བོད་ནས་གནས་ཚུལ་ངོ་སྤྲོད་བྱས་མཁན་བྱུང་ཡོད་ལ། བོད་ནང་ས་ཡོམས་དང་རང་འབྱུང་གི་རྐྱེན་ངན་བྱུང་པའི་སྐབས་རྒྱ་ནག་གི་ས་ཁུལ་གཞན་དང་མི་འདྲ་བར་འབྲེལ་ཡོད་ཚོས་མཐུན་འགྱུར་དགོས་ངེས་ཐོབ་ཐང་ཡག་པོ་སྤྲོད་ཀྱི་མེད་པའི་ཁར་གནས་ཚུལ་ཕྱི་གྱར་མི་ཆོག་པའི་དྭོགས་ཟོན་དམ་དྲག་ཤུགས་ཆེ་བྱས་ཡོད་པ་རེད།
གསར་འགོད་པ། རིག་འཛིན་ཆོས་སྒྲོན། ཀེ་ཐོ། བསྟན་འཛིན་པདྨ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎