ཨ་རིའི་གྲོས་ཚོགས་འོག་མའི་ནང་རྒྱ་ནག་ཐོག་གི་ཁྲིམས་འཆར་གྲོས་བསྡུར་ཕྱིས་འགྱངས་བྱུང་འདུག
ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་ཨ་རིའི་ངོས་ནས་རྒྱ་ནག་ཐོག་ཁ་གཏད་ཀྱི་རྣམ་པ་ཆེ་རུ་གཏོང་རྒྱུ་དང་འགྲོ་བ་མིའི་ཐོབ་ཐང་ཐད་སྣོན་ཤུགས་ཆེ་རུ་གཏོང་ཐབས་ཀྱི་ཁྲིམས་འཆར་ཐོག་ཉིན་གཉིས་རིང་གྲོས་བསྡུར་གནང་ཡང་། ཁྲིམས་འཆར་གྱི་འབྲུ་དོན་ཐད་ཆབ་སྲིད་ཚོགས་པ་གཉིས་དབར་གྱི་འཐུས་མིའི་དབར་མི་མཐུན་པ་བྱུང་སྟབས་ཟླ་བ་འདིའི་ཟླ་མཇུག་བར་བགྲོ་གླེང་ཕྱིས་འགྱངས་གནང་འདུག
ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་མང་མོས་ཀྱི་ཐོག་ནས་རྒྱ་ནག་ལ་ཁ་གཏད་ཀྱི་རྣམ་པ་ཆེ་རུ་གཏོང་རྒྱུའི་ཁྲིམས་འཆར་དེ་འདི་ལོ་ཕྱི་ཟླ་ ༦ པའི་འགོ་སྟོད་དུ་གཏན་འབེབས་ཟིན་ཡོད་པ་རེད།
ཨ་རིའི་གྲོས་ཚོགས་ཀྱི་འགྲོ་ལུགས་ནང་ཁྲིམས་འཆར་བྱེ་བྲག་པ་ཞིག་གཏན་འབེབས་འབྱུང་རྒྱུར་གྲོས་ཚོགས་གོང་འོག་གཉིས་ཀའི་ཐོག་ནས་རྒྱབ་སྐྱོར་གཏན་འབེབས་དགོས་ཀྱི་ཡོད་པ་རེད།
Repoཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ནང་གཞུང་འཛིན་དམངས་གཙོ་ཚོགས་པ་དང་ཕྱོགས་འགལ་སྤྱི་མཐུན་ཚོགས་པ་གཉིས་ཀྱི་དབར་འཐུས་མི་གཅིག་གི་མང་ཉུང་ལས་གཞན་གྲངས་འབོར་ཆ་སྙོམ་ཡོད་པར་སོང་། གྲོས་གཞི་གྲོས་འཆར་མང་པོ་ཞིག་གི་ཐོག་མོས་མཐུན་འབྱུང་དཀའ་བའི་གནས་སྟངས་ཤིག་ཆགས་ཡོད་ཀྱང་།
རྒྱ་ནག་ཐད་ཁ་གཏད་གདོང་ལེན་གྱིས་ཨ་མི་རི་ཀའི་སྟོབས་ཤུགས་མངོན་པར་བྱ་དགོས་པའི་ཐད་ལ་ཕྱོགས་གཉིས་ཀའི་ལངས་ཕྱོགས་གཅིག་མཚུངས་གསལ་སྟོན་ཡོང་གི་ཡོད་པ་རེད། འོན་ཀྱང་ཕྱོགས་འགལ་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་དམངས་གཙོ་ཚོགས་པའི་རྒྱ་ནག་ཐད་ཀྱི་ལངས་ཕྱོགས་དེ་ཤུགས་ཆུང་དྲག་གི་ཡོད་པའི་དགག་པ་བྱེད་ཀྱི་ཡོད་འདུག
སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་། གྲོས་འཆར་དེའི་ནང་གནམ་གཤིས་ཚ་དྲོད་ཆེ་རུ་འགྲོ་བཞིན་པ་འགོག་ཐབས་ཀྱི་འབྲུ་དོན་མཉམ་འཁྱེར་བྱེད་བཞིན་པར་མོས་མཐུན་ཐུབ་ཀྱི་མེད་པ་བརྗོད་བཞིན་ཡོད་པར་མ་ཟད། དམངས་གཙོ་ཚོགས་པའི་གྲོས་འཆར་དེའི་ནང་རྒྱ་ནག་ལ་བརྡ་ལན་གྱི་འབྲུ་དོན་མང་བའི་ཚབ་ཏུ་སྲིད་བྱུང་ལ་འགྱུར་བ་གཏོང་ཐབས་མང་བ་ཡོད་དགོས་ལུགས་བརྗོད་དེ་དགག་བྱ་བྱེད་ཀྱི་ཡོད་པ་རེད། ཡིན་ནའི་དམངས་གཙོ་ཚོགས་པས་སྐྱོན་བརྗོད་དེ་བདེན་པ་མིན་པ་གསུངས་ཏེ་དང་ལེན་བྱས་མེད་པ་རེད།
རྒྱ་ནག་གི་ཁ་གཏད་གདོང་ལེན་གྱི་ཁྲིམས་འཆར་ (Ensuring American Global Leadership and Engagement Act འམ་Eagle Act)་ཞེས་པ་དེར། རྒྱལ་སྤྱིའི་ཐོག་ཨ་མི་རི་ཀའི་འགོ་ཁྲིད་ཀྱི་ནུས་པ་རྒྱུན་གནས་ཀྱི་ཁྲིམས་འཆར་ཞེས་འབོད་པ་དེའི་ཐད་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ཚོགས་ཆུང་ནང་ཕྱི་ཟླ་ ༧ ཚེས ༡༢ ཉིན་ནས་མུ་འཐུད་བགྲོ་གླེང་གནང་རྒྱུ་དང་། ཚོགས་ཆུང་ནང་གཏན་འབེབས་ཟིན་པའི་རྗེས་སུ་། གྲོས་ཚོགས་འོག་མའི་ཚང་འཛོམས་གྲོས་ཚོགས་ནས་གཏན་འབེབས་དགོས་ཀྱི་ཡོད་པ་རེད།
ཕྱི་ཟླ་ ༦ ཚེས་ ༨ ཉིན་ཨ་རིའི་གྲོས་ཚོགས་གོང་མས་ཨ་རིའི་ངོས་ནས་རྒྱ་ནག་ལ་དཔལ་འབྱོར་དང་ཆབ་སྲིད་ཀྱི་ཁ་གཏད་ཆེ་རུ་གཏོང་དགོས་པ་གཏན་འབེབས་གནང་པའི་ཁྲིམས་འཆར་དེའི་ནང་ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ཀྱི་གནས་རིམ་མཐོ་རུ་གཏོང་དགོས་པ་དང་། རྒྱ་ནག་གཞུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་པའི་༧སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ཐེ་བྱུས་མི་ཆོག་པ། པེ་ཅིང་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོའི་ནང་བོད་ཀྱི་སྡེ་ཚན་ཞིག་ཟུར་འཛུགས་དགོས་པ་སོགས་གསལ་ཡོད་པ་རེད།