ཨ་རི་རྒྱལ་ཡོངས་སུ་རང་བཙན་གྱི་ཉིན་མོ་སྲུང་བརྩི།
2011.07.04
༄༅༎ཕྱི་ལོ་༡༧༧༦ཕྱི་ཟླ་བདུན་པའི་ཚེས་བཞི་ཉིན། ཨ་མི་རི་ཀ་ཨིན་ཇིའི་བཙན་འོག་ནས་རང་བཙན་ཐོབ་ནས་མི་ལོ་ཧྲིལ་པོ་༢༣༥ཕྱིན་པ་རེད། དུས་དེ་ནས་བཟུང་ཨ་མི་རི་ཀའི་རྒྱལ་ཁབ་དེ་བཞིན་ཧ་ཅང་ཡར་རྒྱས་ཆེན་པོ་ཕྱིན་ནས། ད་ལྟའི་སྐབས་སུའང་ ཨ་མི་རི་ནང་བཞིན་རྒྱལ་ཁབ་གཞན་གཅིག་ཀྱང་མེད་པ་རེད། བར་ལམ་ནས་འཛམ་གླིང་སྤྱི་དང་ལྷག་དོན་དུ་ཨ་རིའི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཚོའི་དཔལ་འབྱོར་ཉམས་རྒུད་གཙོས་པའི་དཀའ་ངལ་ཇེ་ཆེ་འཕྲད་མུས་ཀྱང་། རྒྱུ་ནོར་དང་སྟོབས་ཤུགས་གང་ཅིའི་ཐད་ཨ་མི་རི་ཀ་ནི་ རླབས་ཆེན་གྱི་རྒྱལ་ཁབ་ཅིག་ཡིན་པ་བརྗོད་མི་དགོས་པ་རེད། ལྷག་དོན་དུ་དེང་དུས་ཀྱི་དྲག་པོའི་ནུས་སྟོབས་ལ་མཚོན་ན། ཨ་མི་རི་ཀའི་གོང་ལ་སུ་ཡང་མེད་པ་མ་ཟད་རིག་པའི་གཞུང་ལུགས་ལ་མཚོན་ན་ཡང་རྒྱལ་ཁབ་གཞན་གྱིས་སྨོན་དགོས་པའི་སྒྱུ་རྩལ་འཁྲབ་སྟོན་དང་གློག་བརྙན་སོགས། སྤུས་ཚད་ལོངས་མིན་ལ་ལྟོས་མེད་ཀྱིས་ཀུན་གྱིས་མིག་དཔེ་བལྟ་ས་ཞིག་ཏུ་གྱུར་ཡོད་པ་རེད། དེ་འདྲའི་དཔལ་ཡོན་ལྡན་པའི་སྤྱི་ཚོགས་ཀྱི་རྩ་བ་ནི། མིའི་རང་ཆས་སུ་ཡོད་པའི་རང་དབང་ལ་ཐུག་ཡོད་དང་། གཞི་རིམ་གྱི་རང་དབང་དེ་རིགས་སྲུང་སྐྱོབ་ཆེད་མེས་པོ་དམ་པོ་ཚོས་སྐུ་ལས་འཛེམས་མེད་བསྐྱོན་པའི་འབྲས་བུ་ཁོ་ན་ཡིན་པ་ལྟར། ཨ་རིའི་མི་མང་ཚོས་རང་བཙན་གྱི་ཉིན་སྲུང་བརྩིའི་སྐབས་མེས་པོ་དམ་པ་ཚོའི་བཀྲིན་རྗེས་དྲན་ཞུ་རྒྱུ་མཚོན་པའི་ལས་འགུལ་སྣ་ཚོགས་དབུས་དང་ས་གནང་གཞུང་དང་མི་མང་ཀུན་གྱིས་དགའ་སྐྱིད་སྤྲོད་གསུམ་ངང་སྤེལ་གྱི་ཡོད་རེད༎