ཆབ་ཆ་ཕྱོགས་ཀྱི་གནམ་ཐང་རྙིང་པ་ཞིག་རྒྱ་ནག་གིས་གསང་བའི་ཐོག་བསྐྱར་གསོ།
2018.11.28
རྒྱ་ནག་གིས་མཚོ་ལྷོ་ཁུལ་དང་ཐག་ཉེར་ཡོད་པའི་རྒྱ་ནག་གི་དམག་མི་ཆེད་བསྐྱོད་བྱེད་སའི་གནམ་གྲུ་འབབ་ཐང་རྙིང་པ་ཞིག་གསང་བའི་ཐོག་ནས་བསྐྱར་གསོ་བྱེད་བཞིན་ཡོད་འདུག
འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། རྒྱ་ནག་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཆབ་ཆ་ནས་རྒྱང་ཐག་སྤྱི་ལེ་ ༢༠ ཙམ་གྱི་སར་ཡོད་པའི་ཨེར་སྟི་ཡུལ་ཚོ་ཆུ་རྔ་སྡེ་བའི་ས་ཁུལ་དུ་དེ་སྔ་སྤྱི་ལོ་ ༡༩༦༠ ཙམ་ལ་རྒྱ་ནག་གི་དམག་མིའི་གནམ་གྲུ་བབས་ཚུགས་ཤིག་སྐྲུན་ཡོད་པ་དེ་སྤྱི་ལོ་
༡༩༨༢ ཡས་མས་ཤིག་ནས་བེད་སྤྱོད་མ་བཏང་བར་ད་ལྟ་བར་དུ་སྒོ་རྒྱབ་ནས་བཞག་ཡོད་ཀྱང་། ད་ལོ་ནས་བཟུང་གནམ་ཐང་དེ་གསང་བའི་ངང་བསྐྱར་གསོ་བྱེད་འགོ་ཚུགས་ཡོད་པའི་སྐོར་བོད་ནང་གི་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་འདུག གནས་ཚུལ་ངོ་སྤྲོད་གནང་མཁན་གྱི་བོད་མི་དེས་གསུངས་ན། ད་ལོ་ནས་བཟུང་གནམ་ཐང་དེ་གསང་བའི་ངང་བསྐྱར་གསོ་བྱེད་བཞིན་པ་དཔེར་ན། མཚོ་ལྷོ་ཁུལ་འམ་ཆབ་ཆ་གྲོང་ཁྱེར་ནས་གནམ་ཐང་དེའི་བར་དུ་མཚམས་མཚམས་སུ་ཟམ་པ་དང་གཞུང་ལམ་ཆེན་པོའི་རིགས་གསར་རྒྱག་བྱེད་བཞིན་པ་དང་། གནམ་གྲུ་ཆུང་ཆུང་དེ་འདྲ་འཕུར་འོང་བྱེད་བཞིན་འདུག་ཀྱང་མཐའ་སྐོར་མང་ཚོགས་ལ་གསལ་བཤད་གང་ཡང་བྱས་མེད། འོན་ཀྱང་སྲིད་གཞུང་གི་ལས་བྱེད་མི་སྣ་བརྒྱུད་ཤེས་རྟོགས་བྱུང་བ་ལྟར་ན་གནམ་ཐང་དེ་བསྐྱར་གསོ་བྱེད་འཆར་ཡོད་པའི་སྐོར་བརྗོད་པ་གསུངས་འདུག
གསར་འགོད་པ་ཀུན་བཟང་བསྟན་འཛིན་དང་། འཆི་མེད།