བོད་ཀྱི་བུད་མེད་ཆབ་སྲིད་བཙོན་ཟུར་ཨ་མ་ཨ་བདེ་ལགས་འདས་གྲོངས་སུ་ཕྱིན་འདུག


2020.08.03
བོད་ཀྱི་བུད་མེད་ཆབ་སྲིད་བཙོན་ཟུར་ཨ་མ་ཨ་བདེ་ལགས། བོད་ཀྱི་བུད་མེད་ཆབ་སྲིད་བཙོན་ཟུར་ཨ་མ་ཨ་བདེ་ལགས།
File photo

མི་ལོ་ཉེར་བདུན་ཙམ་རིང་རྒྱ་ནག་གི་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་མྱངས་བའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཨ་མ་ཨ་བདེ་ལགས་དགུང་ལོ་གོ་གཉིས་ཐོག་རྡ་རམ་སཱ་ལའི་རང་ཤག་ཏུ་འདས་གྲོངས་སུ་ཕྱིན་འདུག
རྒྱ་གར་རྡ་རམ་སཱ་ལར་གནས་བཞུགས་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྒན་གྲས་ཨ་མ་ཨ་བདེ་ལགས། བར་ལམ་སྤྱི་ལོ་༢༠༡༩་ལོ་ནས་རྐང་པ་ནད་མནར་གྱུར་ཏེ། ཟླ་བ་གསུམ་རིང་སྨན་ཁང་དུ་བཞུགས་ནས་ཅུང་ཟད་དྲག་བསྐྱེད་ཀྱིས། ཕྱིར་རང་ཁྱིམ་དུ་ལོག་ཡོད་ནའང་། སྤྱི་ཟླ་༨་པའི་ཚེས་༣་ཉིན་གྱི་ཞོགས་པར་དགུང་ལོ་གོ་གཉིས་ཐོག་རྡ་རམ་སཱ་ལའི་རང་ཤག་ཏུ་འདས་གྲོངས་སུ་ཕྱིན་འདུག
བཞུགས་སྒར་སྣེ་ལེན་ཁང་རྙིང་པའི་ཡང་ཐོག་ཏུ་འབྲེལ་ཡོད་བོད་མི་ཚོས་མཆོད་འབུལ་གནང་བ་དང་། བཙན་བྱོལ་བོད་མིའི་ཚོགས་པ་སྐྱིད་སྡུག་ཁག་གིས་གདུང་སེམས་མཉམ་བསྐྱེད་ཆེད། སྐུ་ཕུང་ལ་མཇལ་དར་སྒྲོན་འབུལ་སོགས་གནང་གི་ཡོད་ཅིང་། དགུ་བཅུ་གསུམ་ཆབ་སྲིད་བཙོན་ཟུར་ཚོགས་པའི་ཚོགས་གཞོན་ཟླ་བ་བཀྲ་ཤིས་ལགས་ནས། ཨ་མ་ཨ་བདེ་ནི་བོད་མིའི་རང་དབང་འཐབ་རྩོད་ནང་གལ་འགངས་ཅན་གྱི་དཔའ་མོ་ཞིག་ཆགས་ཡོད་པར་བརྟེན། ཁོང་གློ་བུར་འདས་གྲོངས་སུ་སོང་བར་ཡིད་སྐྱོ་མྱ་ངན་དང་མཆོད་འབུལ་གནང་གི་ཡོད་ཅེས་དང་། ཨ་མ་ཨ་བདེ་ལགས་ནི་བོད་ཀྱི་ཆབ་སྲིད་བཙོན་ཟུར་སྤྱི་དང་འདྲ་བར། བོད་དོན་ཆེད་མི་ལོ་༢༠་ལྷག་གི་རིང་རྒྱ་ནག་དམར་པོའི་བཙོན་ཁང་དུ་བཞུགས་པ་དང་། བཙན་བྱོལ་དུ་ཕེབས་རྗེས་ཀྱང་རང་གི་རྒྱལ་གཅེས་སྙིང་སྟོབས་དང་ལྷག་བསམ་རྒྱུན་འཛིན་གྱིས། རྒྱལ་སྤྱིའི་ནང་བོད་དོན་ལས་འགུལ་མུ་མཐུད་གནང་བ་སོགས། བོད་ཀྱི་མི་རབས་གསར་པས་མིག་དཔེ་བལྟ་ས་དང་བྱས་རྗེས་ཆེན་པོ་ཡིན་པ་འགྲེལ་བརྗོད་གནང་གི་འདུག
བོད་ཀྱི་ཆབ་སྲིད་བཙོན་ཟུར་རྒན་གྲས་ཨ་མ་ཨ་བདེ་ལགས་ནི། སྤྱི་ལོ་༡༩༢༨་ལོར་མདོ་ཁམས་ཉག་རོང་དུ་འཁྲུངས་བ་དང་འཚོ་ཐབས་འབྲོག་ལས་ཡིན།  ཕྱི་ལོ་ ༡༩༤༩ ་ལོར་རྒྱ་དམག་གིས་བོད་ཁམས་ཕྱོགས་སུ་བཙན་འཛུལ་བྱེད་སྐབས། རྒྱ་དམག་ལ་འཐབ་རྒོལ་བྱེད་མཁན་ཐོག་མའི་གྲས་ཀྱི་ནང་ཡོད་པ་དང་། ཕྱི་ལོ་༡༩༥༨་ལོར་རྒྱ་ནག་དམར་པོས་བོད་ནང་བཙན་འཛུལ་གྱི་སྐབས་སུ། རྒྱ་དམག་གིས་ཁོང་གི་སྐུ་ཟླ་དང་སྤུན་མཆེད་བུ་མོ་གཅིག་བཅས་རྐྱེན་ལམ་དུ་བཏང་བ་མ་ཟད། མོ་རང་ཡང་འཛིན་བཟུང་གིས་མི་ལོ་༢༧་ཙམ་རིང་བཙོན་འཇུག་མནར་གཅོད་བཏང་ཡོད་ནའང་། སྤྱི་ལོ་༡༩༨༠འི་ནང་རྒྱ་ནག་འགོ་ཁྲིད་འདས་པོ་ཏིང་ཞོ་ཕེང་གིས། རྒྱ་ནག་ལ་བཅོས་བསྒྱུར་སྣ་མང་ཞིག་བྱས་ཡོད་པའི་ནང་། བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀྱང་གློད་གྲོལ་གྱི་བརྒྱུད་རིམ་ཞིག་བྱུང་སྟེ། ཨ་མ་ཨ་བདེ་ལགས་ཀྱང་གློད་གྲོལ་རྗེས། ཕྱི་ལོ་ ༡༩༨༧་ལོར་བལ་ཡུལ་བརྒྱུད་རྒྱ་གར་ནང་སྐྱབས་བཅོལ་དུ་འབྱོར་ནས་བོད་ཀྱི་དབུ་ཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་ཏེ། བོད་ནང་གི་དངོས་ཡོད་གནས་སྟངས་རྣམས་སྙན་གསེང་ཞུས་ཡོད་པ་དང་། དེ་ནས་ད་བར་བཞུགས་སྒར་རྡ་རམ་སཱ་ལར་བཞུགས་ཐོག་རྒྱལ་སྤྱིའི་ནང་བོད་དོན་ལས་འགུལ་སྤེལ་བ་དང་གཞོན་སྐྱེས་ཚོར་བོད་དོན་གོ་རྟོགས་སྤེལ་བ་སོགས། སྐུ་ཚེ་ཧྲིལ་བོར་བོད་དོན་ལས་འགུལ་གནང་ཡོད་པ་རེད།
༼དྲན་པར་འོས་པའི་ཨ་མ་ཨ་བདེའི་འབོད་སྒྲ༽་ཞེས་ཁོང་མོའི་མི་ཚེ་ལོ་རྒྱུས་དང་འབྲེལ་བའི་དེབ་ཅིག་ཀྱང་པར་བསྐྲུན་འགྲེམས་སྤེལ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎