ཨ་ལགས་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་དགོངས་པ་རྫོགས་འདུག
2018.08.22
མདོ་སྨད་བྱང་རྒྱུད་བོན་གྱི་བསྟན་བདག་ཆེན་མོ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་དགུང་༨༤ སྟེང་དགོངས་པ་རྫོགས་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། མདོ་སྨད་བྱང་རྒྱུད་བོན་གྱི་བསྟན་བདག་ཆེན་མོ་རེབ་གོང་བོན་མང་གི་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་སྤྱི་ཟླ་བརྒྱད་པའི་ཚེས ༡༦ཉིན་རང་དགོན་དུ་དགོངས་པ་རྫོགས་འདུག དེའི་ཐད་བོད་མི་མང་སྤྱི་འཐུས་དགེ་ཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གསུང་དོན། དམ་པ་དེ་ཉིད་མདོ་སྨད་རེབ་གོང་བོན་བརྒྱ་བླ་བྲང་དུ་ཧོར་ཟླ་ ༧ ཚེས་ ༦ སྤྱི་ཟླ་༨་པའི་ཚེས་༡༦་ཉིན་གྱི་དགོང་མོ་ཆུ་ཚོད་ ༡༡ གི་སྟེང་རེ་ཞིག་དགོངས་པ་རྫོགས་ཡོད་པ་དང་། སྤྱི་ཟླ་ ༨ ཚེས་ ༢༢ ཉིན་གྱི་ཞོགས་པ་ནས་གསང་རྒྱ་རིམ་པ་གྲོལ་ཏེ་སྐུ་ཞི་བར་གཤེགས་འདུག་ལ་ཨ་ལགས་བོན་བརྒྱ་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པའི་གནས་ཚུལ་ཐོས་འཕྲལ། བྱེས་སུ་ཡོད་པའི་༧སྨན་རིའི་སྐྱབས་རྗེ་མཁན་སློབ་རྣམ་གཉིས་ནས་བོན་བརྒྱ་དགོན་པའི་འདུས་སྤྱི་དང་རེབ་གོང་བོན་མང་སོགས་མི་སྡེ་ལྷ་སྡེ་དག་ལ་ཐུགས་གསོའི་འཚམས་འཕྲིན་སྩལ་གནང་བ་དང་། དེ་བཞིན་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་འདུས་མང་ཡོངས་སོགས་ནས་གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས་ཡོད་པ་གསུངས་བྱུང་།
ཨ་ལགས་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་རེབ་གོང་གསེར་མོ་ལྗོངས་ཀྱི་སྟོད་ཀྱི་ཆར། ཡར་ནང་བོན་སྡེ་ཁ་གསུམ་གྱི་ནང་ཚན་མག་སར་སྡེ་བར་༡༩༣༥ སྐུ་་འཁྲུངས་བ་དང་། རེབ་གོང་བོན་བརྒྱ་དགོན་པའམ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་དབུ་བླ་ཡིན་པ་རེད།
སྲིད་ཕྱོགས་ནས་ཀྱང་སྔ་རྗེས་སུ། རྨ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭའི་ཞིབ་འཇུག་པ་དང༌། རེབ་གོང་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ད་ལྟ་མཚོ་སྔོན་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་དང༌། རྨ་ལྷོ་ཁུལ་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་་ཐེངས་དགུ་བ་དང༌། བཅུ་བ། བཅུ་གཅིག་པ་བཅས་སུ་ཕེབས་ནས་དཔྱད་རྩོམ་སྒྲོགས་སྦྱངས་དང་། ཉམས་མྱོང་བརྗེ་རེས་གནང་ཡོད་པའི་མཁས་པ་ཞིག་ཡིན་པ་རེད།
གསར་འགོད་པ་དཔལ་ལྡན་རྒྱལ་དང་བསོད་ནམས་ལྷ་མོ།