ཨ་དཀོན་རིན་པོ་ཆེ་སྐུ་བཀྲོངས་འདུག


2013.10.08
ཨ་དཀོན་རིན་པོ་ཆེ་སྐུ་ཕྲེང་གཉིས་པ་ཀརྨ་བཤད་སྒྲུབ་ཆོས་ཀྱི་ཉི་མ། ཨ་དཀོན་རིན་པོ་ཆེ་བསད་པར་སེམས་གསོ།
པར། བཀའ་བརྒྱུད་བསམ་ཡས་རྫོང་།

ཨ་དཀོན་རིན་པོ་ཆེ་དེ་རིང་ཚེས༨ཉིན་རྒྱ་ནག་ཁྲིན་འདུ་གྲོང་ཁྱེར་ནང་གློ་བུར་སྐུ་བཀྲོངས་ཡོད་པ་འདུག

དེ་ཡང་འདི་གར་གནས་ཚུལ་འབྱོར་བ་ལྟར་ན། དབྱིན་ཡུལ་ལ་བོད་བརྒྱུད་ནང་བའི་དགོན་སྡེ་ཐོག་མར་གསར་འཛུགས་གནང་མཁན་དང་། ཕྱི་ནས་བོད་ནང་ཤེས་ཡོན་སློབ་གསོ་དང་། འཕྲོད་བསྟེན་སོགས་ཀྱི་ཐད་ལོ་མང་རོགས་སྐྱོར་གནང་མཁན་ཨ་དཀོན་རིན་པོ་ཆེ་དེ་རིང་ཚེས༨ཉིན་རྒྱ་ནག་ཁྲིན་འདུ་གྲོང་ཁྱེར་ནང་གློ་བུར་བཀྲོངས་བར་ཀརྨ་པ་མཆོག་གིས་ཐུགས་གསོའི་འཚམས་འཕྲིན་གནང་འདུག གསུངས་འཕྲིན་ནང་ང་དགུང་ལོ་བདུན་ནས་ཨ་དཀོན་རིན་པོ་ཆེ་དང་གྲོགས་པོ་ཡིན། ཁོང་ནི་སྤྱི་ཚོགས་ལས་འགུལ་བ་ཞིག་ཡིན་པ་དང་།  དམིགས་བསལ་བོད་ནང་ལ་ཤེས་ཡོན་སློབ་གསོ་སྤྲོད་སའི་སློབ་གྲྭ་དང་། འཕྲོད་བསྟེན་སྨན་ཁང་། ཡིག་རྙིང་པར་བསྐྲུན་སོགས་གཞན་ཕན་རོགས་རམ་གྱི་ལས་དོན་བྱེད་བཞིན་ཡོད། གློ་བུར་ཁོང་ཉིད་དང་བཅས་བའི་མི་གསུམ་བཀྲོངས་བའི་གནས་ཚུལ་ཐོས་བ་དང་ཧ་ལས་བྱུང་། ངས་ཁོང་ཉིད་ཀྱི་ནང་མི་དང་། བསམ་ཡས་གླིང་གི་འདུ་མང་། རོགས་པ་ཚོགས་པ། ཁོང་གི་ལས་གཞི་དང་འབྲེལ་བོད་ནང་གི་སློབ་མ་སོགས་ཚང་མར་སེམས་གསོ་བྱེད་འདོད་བྱུང་། མཉམ་དུ་ཁོང་གི་བྱ་གཞག་མངོན་འདོད་ཡོད་ཚད་མུ་མཐུད་དོན་གོ་ཆོད་པ་ཡོང་བའི་སྨོན་ལམ་འདེབས་བཅས་འཁོད་ཡོད་པ་རེད།

གནས་ཚུལ་ལྟར་ན། ཨ་དཀོན་རིན་པོ་ཆེ་དང་མཉམ་ཁོང་གི་ཚ་བོ་བློ་དགའ། ཁ་ལོ་བ་འཇིགས་མེད་དབང་རྒྱལ་གཉིས་ཡང་བསད་ཡོད་པ་དང་། གསོད་མཁན་གྱི་དོགས་གཞི་འོག་བོད་མི་གསུམ་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་ལུགས་སོགས་ཀྱི་གནས་ཚུལ་ཙམ་ལས་རྒྱུ་རྐྱེན་སོགས་ད་དུང་གསལ་བོ་མེད་པ་རེད།

ཨ་དཀོན་རིན་པོ་ཆེ་ནི་ཆབ་མདོ་ངོམ་རྒྱུད་མདའ་རག་གྲོང་སྡེར་ཡབ་ཝ་རྒྱུད་བཀྲ་ཤིས་རིན་ཆེན་དང་། ཡུམ་ཁ་ལུ་དོན་འགྲུབ་ཆོས་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ལྕགས་འབྲུག་ལ་འཁྲུངས། ཡོངས་འཛིན་བླ་མ་གྲགས་པ་བསྟན་འཛིན་གྱི་མདུན་ནས་ཡི་གེ་འབྲི་ཀློག་སོགས་སྦྱང་པ་ནས་གསན་བསམ་ཚུལ་བཞིན་ནོད། སྤྱི་ལོ་ ༡༩༥༩ ལོ་རྒྱ་གར་དུ་རིས་མེད་གྲུབ་མཐའ་སྤྱི་ཡི་སྤྲུལ་སྐུའི་སློབ་གྲྭའི་བདག་གཉེར་གཙོ་བོའི་འགན་ཁུར་བཞེས་ཏེ་ལོ་གསུམ་བཞུགས། སྤྱི་ལོ་ ༡༩༦༣ ལོར་དབྱིན་ཇིར་ཟུར་མང་དྲུང་པ་རིན་པོ་ཆེ་དང་ལྷན་དུ་ཕེབས་ཏེ། སྤྱི་ལོ་ ༡༩༦༧ ལོར་དྲུང་པ་རིན་པོ་ཆེ་དང་ལྷན་དུ་དབྱིན་ཇིར་ནུབ་ཕྱོགས་ཀྱི་བོད་དགོན་དང་པོ་བཏབ་ནས་རྟེན་འབྲེལ་གྱི་དབང་གིས་བཀའ་བརྒྱུད་བསམ་ཡས་གླིང་ཞེས་བཏགས། སྤྱི་ལོ་༡༩༨༠ ལོར་འཛམ་གླིང་རོགས་པ་ཚོགས་པ་བཙུགས་པ་སོགས། རྒྱལ་ཁབ་བཅོ་བརྒྱད་ཀྱི་ནང་དུ་ནང་བསྟན་ཚོགས་པ་ཆེ་ཆུང་དུ་མ་དང་། རྒྱལ་ཁབ་བཅུ་བཞིའི་ནང་དུ་སྐྱོབ་གསོ་ཁང་བཙུགས་ཡོད་འདུག དམིགས་བསལ་ཁོང་གིས་བོད་ནང་དུ་ཤེས་ཡོན་སློབ་གསོ་དང་། འཕྲོད་བསྟེན་སོགས་ཀྱི་ཐད་རོགས་སྐྱོར་རྒྱ་ཆེན་བྱེད་བཞིན་པར། ཉམས་ཐག་ལ་་འཚོ་བའི་མཐུན་རྐྱེན་སྦྱོར་བ། སློབ་གྲྭ་དང་། སྨན་ཁང་། རྒན་གསོ་ཁང་སོགས་མང་པོ་བཙུགས་ཡོད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎