རྒྱ་ནག་གཞུང་གིས་བོད་ཀྱི་མཐའ་མཚམས་ཁུལ་དུ་གནམ་ཐང་ཆེ་ཁག་གསུམ་རྒྱག་འཆར་འདུག

2021.04.12
རྒྱ་ནག་གཞུང་གིས་བོད་ཀྱི་མཐའ་མཚམས་ཁུལ་དུ་གནམ་ཐང་ཆེ་ཁག་གསུམ་རྒྱག་འཆར་འདུག བོད་ཀྱི་རྒྱལ་ས་ལྷ་སར་འགྲིམ་འགྲུལ་ཉེན་རྟོག་པ་ཞིག
Reuters

རྒྱ་ནག་གཞུང་གིས་བོད་ཀྱི་ནུབ་ཕྱོགས་མཐའ་མཚམས་ས་ཁུལ་ལྷུན་རྩེ་དང་དིང་རི་སྤུ་ཧྲེང་བཅས་སུ་མ་དངུལ་རྒྱ་སྒོར་དུང་ཕྱུར་༡༣༦ལྷག་ཆེད་གཏོང་གིས་གནམ་ཐང་ཆེ་ཁག་གསུམ་གསར་རྒྱག་བྱེད་འཆར་འདུག
གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་བོད་ཀྱི་ནུབ་ཕྱོགས་མཐའ་མཚམས་ས་ཁུལ་ལྷུན་རྩེ་དང་། དིང་རི། སྤུ་ཧྲེང་བཅས་སུ་མ་དངུལ་རྒྱ་སྒོར་དུང་ཕྱུར་༡༣༦ལྷག་ཆེད་གཏོང་གིས་(3+1)འམ་གསུམ་གང་ལ་གཅིག་སྣོན་ཞེས་པའི་གནམ་ཐང་ཆེ་ཁག་གསུམ་གསར་རྒྱག་བྱེད་འཆར་ཡོད་པ་དང་། ལས་གཞི་དེར་རྒྱ་ནག་གཞུང་གི་རྒྱལ་ཁབ་འཕེལ་རྒྱས་ལས་ཁུངས་ཀྱིས་ཆོག་མཆན་ཐོབ་སྟེ་རྒྱལ་ཁབ་རིམ་པའི་མ་དངུལ་རྣམ་གྲངས་སྤྲད་པའི་ཐོག་ནས་འཛུགས་སྐྲུན་བྱེད་རྒྱུ་ཡིན་འདུག་ཅིང་། གནམ་ཐང་དེ་གསུམ་ལེགས་གྲུབ་བྱུང་བ་ཡིན་ན། བོད་ནང་གི་འགྲིམ་འགྲུལ་དང་སྐྱེལ་འདྲེན་མ་ལག་འཐུས་ཚང་དང་། མཐའ་
མཚམས་ས་ཁུལ་གྱི་ཕྱི་ཕྱོགས་ཀྱི་འགྲིམ་འགྲུལ་གྱི་སྐྱེལ་འདྲེན་ཆ་རྐྱེན་བཟང་དུའགྲོ་རྒྱུ་དང་ས་གནས་མི་མང་གི་འགྲོ་བསྐྱོད་ཇེ་བཟང་དང་། དཔལ་འབྱོར་མཁོ་སྒྲུབ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་རྒྱ་ནག་གི་གསར་ལམ་དུ་འཁོད་འདུག
བོད་ཀྱི་མཐའ་མཚམས་ཁུལ་དུ་གནམ་ཐང་གསར་རྒྱག་གི་ལས་གཞི་གསར་པ་དེ། ༢༠༡༧ལོར་རྒྱ་གར་དང་རྒྱ་ནག་གཉིས་བར་འབྲོག་ལམ་ས་མཚམས་ནས་གདོང་ཐུག་གི་དོན་རྐྱེན་བྱུང་ནས་ཉིན་གྲངས་༧༣རྗེས་སུ། རྒྱ་ནག་རང་འགུལ་གྱིས་ཕྱིར་འཐེན་བྱེད་དགོས་བྱུང་བ་དེས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ངོ་ཚ་ཁ་སྐྱེངས་དགོས་པ་དང་། རྒྱ་ནག་གིས་འབྲོག་ལམ་ཁུལ་དུ་ལམ་གསར་རྒྱག་གི་ལས་གཞི་དེར་རྒྱ་གར་གྱིས་བཀག་འགོག་བྱས་ཡོད་པའི་གནས་སྟངས་འོག་བོད་ཀྱི་ས་མཚམས་ཁུལ་དུ་རྒྱ་ནག་གཞུང་གིས་གནམ་ཐང་གསར་རྒྱག་ལས་གཞི་དེ་བྱུང་བ་ཞིག་ཡིན་པ་ཨོ་སི་ཊི་ལི་ཡར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཐོག་མ་འོངས་པའི་ཁ་ཕྱོགས་ཟེར་བའི་ཉམས་ཞིབ་ཁང་གིསགནས་ཚུལ་སྤེལ་འདུག
ཡང་བོད་གནས་ཉམས་ཞིབ་པ་དཔལ་ལྡན་བསོད་ནམས་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ཀྱི་མཐའ་མཚམས་ཁུལ་དུ་གནམ་ཐང་གསར་རྒྱག་གི་ལས་གཞི་དེ། ཕྱོགས་གཅིག་ནས་མི་མང་གི་འགྲིམ་འགྲུལ་དང་སྐྱེལ་འདྲེན་སྟབས་བདེ་རུ་ཡོང་ཆེད་དུ་ཡིན་ནའང་། ཛ་དྲག་གི་དུས་སྐབས་སུ་གནམ་ཐང་དེ་དག་རྒྱ་ནག་གིས་མཐའ་མཚམས་སུ་དམག་མི་མཁོ་འདོན་དང་། དམག་ཆས་སྐྱེལ་འདྲེན་ལ་ཕན་ནུས་འདོན་རྒྱུར་དམིགས་ཡོད་པ་ཞིག་དང་། མ་འོངས་བར་བོད་ནང་དུ་གནམ་ཐང་གི་འཛུགས་སྐྲུན་གྱི་ལས་གཞི་དེ་ལེགས་འགྲུབ་བྱུང་བ་ཡིན་ན། བོད་ཀྱི་མཐའ་མཚམས་ཀྱི་ཁུལ་དེ་ཚོར་ཆགས་པའི་མ་ཕམ་གཡུ་མཚོ་དང་། གངས་རིན་པོ་ཆེ་སོགས་ཀྱི་མཚོན་པའི་བོད་ཀྱི་སྲོལ་རྒྱུན་གྱི་གནས་རི་དང་མཚོ་མོ་སོགས་ཡུལ་སྐོར་སྤྲོ་འཆམ་པའི་དམིགས་འབེན་ཞིག་ཏུ་འགྱུར་རྒྱུ་ཡིན་པ་མ་ཟད། བོད་མི་རྣམས་ལ་གནས་སྐབས་ཀྱི་ཟ་ཁང་དང་ཚོང་ཁང་ཙམ་ལས་རྒྱུག་ཆེ་བའི་ཚོང་ལས་ཀྱི་བདག་དབང་ཡོད་ཚད་རྒྱ་ནག་གཞུང་གིས་སྟངས་འཛིན་གྱིས། བོད་ཡུལ་དུ་རྒྱ་ནག་གི་མི་འབོར་སྤོ་ཤུགས་ཆེ་རུ་བཏང་སྟེ་བོད་མི་རྣམས་ཀྱི་རང་ས་རང་ཡུལ་གྱི་ཚོང་ལས་དང་ས་ཁོངས་ཀྱི་བདག་དབང་ཡོད་ཚད་རྒྱ་ནག་གི་ལག་ཏུ་ཤོར་རྒྱུ་ཉག་གཅིག་ཡིན་པར་བརྟེན། དེ་ལྟ་བུའི་རྒྱ་ནག་མི་འབོར་ཀྱི་འཚང་ཁའི་ཁྲོད་ནས་བོད་ཀྱི་ཁོར་ཡུག་འབག་བཙོག་དང་ཆོས་དང་རིག་གཞུང་ཉམས་ཉེས་སུ་འགྲོ་ངེས་བ་ཞིག་ཡིན་པར་འགྲེལ་བརྗོད་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎