ཨ་རི་གཞུང་ནས་བོད་མིར་ཨ་སྒོར་ས་ཡ་ ༡༧ གྱི་རོགས་དངུལ་གཏན་འབེབས་གནང་འདུག


2019.02.20
ཕར་འཇལ་ཚུར་ལེན་གྱི་ཁྲིམས་འཆར་ལ་བོད་མིའི་སྒྲིག་འཛུགས་ཀྱི་དགའ་བསུ། ཨ་རིའི་སྲིད་འཛིན་མཆོག་ནས་ཁྲིམས་འཆར་ཞིག་ལ་མཚན་རྟགས་སྐྱོན་བཞིན་པ།
ཨེ་ཨེཕ་པི།

ཨ་རིའི་གྲོས་ཚོགས་གོང་འོག་ནས་ཕྱི་ལོ་ ༢༠༡༩ ལོའི་ལྷན་ཁང་ཁག་གི་དངུལ་རྩིས་གཏན་འབེབས་ཀྱི་གྲོས་འཆར་ལ་ཚེས་ ༡༥ ཉིན་སྲིད་འཛིན་ Donald Trump མཆོག་གིས་མཚན་རྟགས་བཀོད་དེ་ཁྲིམས་ཐོག་གཏན་འབེབས་བྱུང་ཡོད་པ་རེད། ཕྱི་ལོ་ ༢༠༡༩ ལོའི་ཨ་རིའི་དངུལ་རྩིས་དེའི་ནང་ཨ་རི་གཞུང་ནས་བོད་མིར་ཁྱོན་བསྡོམས་ཨ་སྒོར་ས་ཡ་ ༡༧ གྱི་རོལ་དངུལ་གཏན་འབེབས་གནང་འདུག་ཅིང་། དེ་ཡང་བོད་རང་སྐྱོང་ལྗོངས་དང་། དེ་མིན་རྒྱ་ནག་གི་ཞིང་ཆེན་ཁོངས་སུ་ཚུད་པའི་བོད་མི་གནས་སྡོད་ས་གནས་ཁག་ལ་བོད་ཀྱི་ཆོས་རིག་འཛིན་སྐྱོང་དང་། ཤེས་ཡོན་ཡར་རྒྱས། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞིར་དམིགས་ནས་རོགས་དངུལ་ཨ་སྒོར་ས་ཡ་ ༨ དང་། རྒྱ་གར་དང་བལ་ཡུལ་ཁུལ་གྱི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་གཙོ་བོར་གྱུར་པའི་གཞིས་ཆགས་སྲ་བརྟན་སོགས་ལ་དམིགས་ནས་རོགས་དངུལ་ཨ་སྒོར་ས་ཡ་ ༦ དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་པའི་བཙན་བྱོལ་བོད་མིའི་མང་གཙོའི་ལྟེ་གནས་ཚགས་ཚུད་མདུན་བསྐྱོད་སླད་དུ་ཨ་སྒོར་ས་ཡ་ ༣ བཅས་ཁྱོན་བསྡོམས་ཨ་སྒོར་ས་ཡ་ ༡༧ གྱི་རོག་དངུལ་གསལ་ཡོད་པ་རེད།

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་གཞིགས་ན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཐེངས་འདིར་ཨ་རིའི་གཞུང་དང་། གྲོས་ཚོགས་ནས་གཞིས་བྱེས་བོད་མི་རྣམས་ལ་མུ་མཐུད་དཔལ་འབྱོར་གྱི་མཐུན་འགྱུར་གནང་བར་ཐུགས་རྗེ་ལེགས་གསོལ་ཞུས་འདུག་ལ། བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐལ་རྡོར་ལགས་ཀྱིས་གསུངས་པ་ལྟར་ན། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༣༠ བར་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་ལོ་ ༢༠༡༩ ལོའི་ལོ་འཁོར་སྔོན་རྩིས་སྒོ་རྒྱག་རྒྱུ་ཡིན་སྟབས། དེའི་སྔོན་ཚུད་ནས་གྲོས་ཚོགས་ནང་བོད་མིར་རོགས་དངུལ་གཏན་འབེབས་གནང་ཐུབ་པར་ཧ་ཅང་བཀའ་དྲིན་ཆེན་པོ་བྱུང་། ད་ཐེངས་རོགས་དངུལ་གཏན་འབེབས་གནང་བ་དེས། བོད་མིའི་སྤྱི་ཚོགས་ནང་ལས་འཆར་གལ་འགངས་ཆེ་བ་དེ་དག་འགོག་རྐྱེན་གང་ཡང་མེད་པར་མུ་མཐུད་མཇུག་སྐྱོང་ཐུབ་རྒྱུ་ཡིན་པ་དང་། ལྷག་པར་བོད་མིའི་སྒྲིག་འཛུགས་ལ་མཚོན་ན། བོད་མི་རིགས་ཀྱི་འཐབ་རྩོད་རྒྱུན་སྐྱོང་ལ་ཆེས་གལ་གནད་ཆེ་ཞིང་། བཙན་བྱོལ་བོད་མིའི་གཞིས་ཆགས་སྲ་བརྟན་ཆེད་ཕན་རླབས་རྒྱ་ཆེ་ཡོང་ངེས་དང་། དེ་དག་བརྒྱུད་ནས་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་དང་། བཙན་བྱོལ་བོད་མིའི་མང་གཙོའི་ལམ་སྲོལ་སྲ་བརྟན་རྒྱུན་སྐྱོང་དང་། འགོ་ཁྲིད་ཀྱི་ནུས་པ་སྐྱེད་སྲིང་ཐུབ་རྒྱུར་ཡང་ཧ་ཅང་ཕན་རླབས་ཡོང་རྒྱུ་ཡིན་པ་གསུངས་ཤིང་། རོགས་དངུལ་དེ་དག་ཕྱི་གསལ་ནང་གསལ་དང་། ཚུལ་མཐུན་གྱི་ལམ་ནས་བེད་སྤྱོད་གཏོང་རྒྱུར་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎