རང་རྣམ་དབུ་འབྱེད།
2013.09.12

༄༅། །ཁ་སང་ཕྱི་ཚེས་ ༡༡ ཉིན་ཐེ་ཝན་གྱི་དེབ་ཁང་ཆེ་ཤོས་ཤིག་ནང་ཏཱ་ཁོའོ་དཔེ་སྐྲུན་ཁང་ནས་ཨ་ཀྱཱ་བློ་བཟང་ཐུབ་བསྟན་གྱི་རང་རྣམ་ཞེས་པའི་ཉེ་རབས་ལོ་རྒྱུས་ཀྱི་དེབ་གཅིག་དབུ་འབྱེད་མཛད་སྒོ་ཚོགས་ཡོད་སྐོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་འདུག མཛད་སྒོའི་ཐོག་ཏཱ་ཁོའོ་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་འགན་འཛིན་གཞོན་པ་སྐུ་ཞབས་ཐང་ལགས་ཀྱིས་དཔེ་དེབ་པར་སྐྲུན་ཞུ་དགོས་པའི་དམིགས་ཡུལ་སོགས་ངོ་སྤྲོད་གནང་འདུག དེ་རྗེས་རྩོམ་པ་པོ་ཨ་ཀྱཱ་རིན་པོ་ཆེ་མཆོག་གིས་རང་ཉིད་ཆུང་དུས་ཡང་སྲིད་ངོས་འཛིན་སོགས་ཀྱི་བརྒྱུད་རིམ་དང་། རིག་གནས་གསར་བརྗེའི་སྐབས་འཕྲད་པའི་དཀའ་སྡུག་རྒྱ་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པའི་ཡང་སྲིད་ངོས་འཛིན་དང་ལྷག་པར་གསེར་བུམ་བཀྲུགས་པའི་སྔ་རྗེས་ཀྱི་གནས་ཚུལ་ཕྱིར་བསྒྲགས་མེད་པ་ཁག་ངོ་སྤྲོད་ཞིབ་ཕྲ་གནང་འདུག རང་རྣམ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་ཏཱ་ཁོའོ་དཔེ་སྐྲུན་ཁང་ནས་གདན་ཞུ་གནང་བའི་སྐུ་མགྲོན་ཐེ་ཝན་གྲོས་ཚོགས་འཐུས་མི་ལྕམ་ཤའོ་མེའི་ཆིང་ལགས་དང་། བོད་གཞུང་ཐེ་ཝན་སྐུ་ཚབ་དོན་ཁང་གི་དྲུང་ཆེ། ཏུང་ཧྲན་མཐོ་སློབ་ཀྱི་སློབ་སྤྱི། ཐེ་ཝན་ནང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སེམས་ཁུར་མཐུན་ཚོགས་ཀྱི་འགན་འཛིན་སོགས་ཆེད་ཕེབས་གནང་འདུག ཨ་ཀྱཱ་རིན་པོ་ཆེ་མཆོག་གི་རང་རྣམ་ཐོག་མར་ཨ་རི་ཁུལ་ནས་ཨིན་ཡིག་དང་དེ་རྗེས་སོག་པོའི་ཡིག་རིགས་ཐོག་པར་སྐྲུན་ཞུས་ཡོད་པ་རེད་ རྒྱ་ཡིག་པར་གཞིའི་ནང་དོན་ནི་དབྱིན་ཡིག་གི་ནང་དོན་ལས་རྒྱས་པ་ཡོད་པ་དང་། ཁྱོན་ས་བཅད་ཆེ་བ་བཅོ་ལྔ་དང་ཤོག་གྲངས་ ༥༧༠ ཙམ་ཡོད་འདུག།