བཙན་བྱོལ་བོད་མིའི་ས་གནས་འགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་བཅོ་ལྔ་པ་རྡ་སར་ཚོགས་བཞིན་འདུག

2023.11.06
བཙན་བྱོལ་བོད་མིའི་ས་གནས་འགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་བཅོ་ལྔ་པ་རྡ་སར་ཚོགས་བཞིན་འདུག བཙན་བྱོལ་བོད་མིའི་ས་གནས་འགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་བཅོ་ལྔ་པ་རྡ་སར་ཚོགས་བཞིན་པའི་སྐབས། ༡༡།༠༦།༢༠༢༣
བསྟན་འཛིན་ལེགས་སྨོན། /RFA

སྤྱི་ཟླ་༡༡པའི་ཚེས་༦ནས་༩བར་ཉིན་གྲངས་བཞིའི་རིང་བཞུགས་སྒར་གངས་སྐྱིད་དུ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་བཙན་བྱོལ་བོད་མིའི་ས་གནས་འགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་༡༥པ་དེ་བཞིན་བསྐོང་ཚོགས་གནང་བཞིན་པ་དང་། ཚོགས་ཐོག་ཏུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བོད་མིའི་གཞིས་ཆགས་ཁག་གི་ཡུལ་མི་ཚོས་བོད་མིའི་སྒྲིག་འཛུགས་ཀྱིས་གཏན་འབེབས་གནང་བའི་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་ལ་བརྩི་སྲུང་དགོས་གལ་ཆེ་བ་དང་། ལྷག་པར་དེ་སྔོན་༢༠༢༢ལོར་སྤྱི་འཐུས་ལྷན་ཚོགས་ནས་བསྐྱར་བཅོས་གནང་བའི་ས་ཁང་སྒྲིག་གཞི་སྟེ། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་ས་ཁང་ཐོབ་པའི་བོད་མི་སུ་ཡིན་རུང་ས་ཁང་སོ་སོའི་ནང་ལོ་གཉིས་རེར་ཉུང་མཐར་ཟླ་གཅིག་གནས་སྡོད་བྱེད་དགོས་པའི་སྒྲིག་གཞི་ལ་ཚང་མས་ངེས་པར་དུ་དོ་སྣང་བྱེད་དགོས་ཅེས་གསུངས་སོང་།
ཐེངས་འདིའི་ཚོགས་ཆེན་ཐོག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་བོད་མིའི་ས་གནས་འགོ་འཛིན་༤༥མཉམ་ཞུགས་གནང་འདུག་པ་མ་ཟད། བེུད་ས་གནས་འགོ་འཛིན་༦ལྷན་ཞུགས་གནང་བའི་ཁྲོད། རྒྱ་གར་བྱང་ཤར་རྡོར་གླིང་ས་གནས་འགོ་འཛིན་པདྨ་ཚེ་རིང་ལགས་ཀྱིས། ཁོང་མོའི་ས་གནས་ཁྱབ་ཁོངས་སུ་བོད་མིའི་༢༠༠༠ མ་ཟིན་ཙམ་ཡོད་པ་དང་། ས་གནས་འགོ་འཛིན་གྱི་ལས་ཁུར་ཞུས་ཏེ་ཟླ་བ་གཉིས་ལྷག་ཕྱིན་ཡོད་ནའང་། ད་ལྟའི་ཆར་ཁུལ་དེར་དཀའ་ངལ་ཆེ་ཤོས་ཤིག་ནི་བོད་མི་རང་ཉིད་ལ་དབང་བའི་ས་ཁང་ཞིག་མེད་པ་དེ་ཡིན་ཞེས་གསུངས་བྱུང་།
གོང་ཞུས་ཚོགས་ཆེན་ཐོག་ས་གནས་འགོ་འཛིན་རྣམ་པའི་འཛིན་སྐྱོང་ལས་དོན་འགན་འཁུར་ཞུ་ཕྱོགས་དང་། ཁྱབ་ཁོངས་ལས་བྱེད་དང་མི་མང་ལ་འབྲེལ་ལམ་དམ་ཟབ་གནང་ཕྱོགས། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་། བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་བསྐྱར་བཅོས་སོང་བའི་འབྲུ་དོན་སྤྱི་དང་། ཁྱད་པར་ས་ཞིང་ཕྱིའི་མི་རིགས་ལ་བོགས་མ་གཏོང་རྒྱུ་འགོག་ཐབས་སྐོར། གཞིས་ཆགས་ཁག་ལ་ས་ཞིང་འདེབས་ལས་གཞི་རྒྱ་ཆེ་རུ་གཏོང་རྒྱུའི་ཐབས་ལམ་ཇི་ཡོད་སྐོར། དེ་བཞིན་ན་གཞོན་རོགས་སྐྱོར་ཚན་པའི་ལས་གཞི་དང་འབྲེལ་བའི་གནད་དོན་སོགས་གྲོས་གཞི་དོན་ཚན་དགུའི་ཐོག་གོ་བསྡུར་གནང་གི་ཡོད་པ་རེད།

administrative conference of the Tibetan settlement officers (1).jpg
ཡང་རྒྱ་གར་བྱང་ཕྱོགས་ལ་དྭགས་ལ་སྤྱི་དོན་གྲུབ་བཀྲིས་ལགས་ཀྱིས། ཁོང་གི་ས་གནས་ཁྱབ་ཁོངས་སུ་བོད་མི་༧༠༠༠ལྷག་གནས་སྡོད་བྱེད་ཀྱི་ཡོད་པ་དང་། ཁུལ་དེར་དཀའ་ངལ་ཆེ་ཤོས་ཤིག་ནི་ན་གཞོན་ལས་མེད་ཀྱི་གནད་དོན་དང་ས་ཁང་བདག་གཅེས་བྱེད་ཕྱོགས་ཀྱི་དཀའ་རྙོག་སོགས་ཡིན་པ་གསུངས་བྱུང་།
ད་རེས་ཚོགས་ཆེན་ཐོག་ས་གནས་འགོ་འཛིན་ན་གཞོན་མང་པོ་ཞིག་མཉམ་ཞུགས་གནང་འདུག་ལ། དེ་དག་ཁྲོད་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནས་སློབ་ཐོན་ཟིན་པ་དང་དེང་རབས་ཤེས་ཡོན་ཡོད་པའི་ས་གནས་འགོ་འཛིན་མང་པོ་ཞིག་འདུག ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས། ད་རེས་ཚོགས་ཆེན་འདི་བརྒྱུད་ནས་ས་གནས་དང་དབུས་ཀྱི་ལས་དོན་བྱེད་ཕྱོགས་དང་འབྲེལ་ལམ་ཇེ་བཟང་དུ་ཡོང་བའི་རེ་བ་ཡོད་པ་གསུངས་ཤིང་། གོང་ཞུས་གྲོས་གཞི་དོན་ཚན་༩་དེ་གཏན་འབེབས་ཀྱིས་དོན་ཕན་ལྡན་པའི་ལག་བསྟར་ཡོང་བའི་གདེང་ཚོད་ཡོད་ཅེས་གསུང་གི་འདུག
བཀའ་ཤག་སྐབས་༡༦པའི་ངོས་ནས་གཞིས་ཆགས་སྲ་བརྟན་ནི་ཧ་ཅང་གི་གལ་འགངས་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་མུས་ཡིན་པའི་ཁར། བོད་མི་གནས་ཡུལ་ས་གནས་ཁག་ཏུ་ནང་སྲིད་ལས་ཁུངས་ཀྱི་མིང་ཐོག་ཏུ་ས་ཁང་གང་མང་རག་ཐབས་གནང་མུས་ཡིན་པ་རེད། འོན་ཀྱང་གཞིས་ཆགས་རེ་ཟུང་ནང་ས་ཁང་སྒྲིག་གཞི་ལ་བརྩི་སྲུང་མི་བྱེད་མཁན་རིགས་ཀྱང་ཡོད་པར་བརྟེན། སྲིད་སྐྱོང་མཆོག་གིས། མུ་མཐུད་དུ་ས་ཁང་སྒྲིག་གཞིར་བརྩི་སྲུང་མི་བྱེད་མཁན་ཡོང་བ་ཡིན་ན། མ་འོངས་པར་རྒྱ་གར་གཞུང་མཉམ་དུ་དཀའ་ངལ་འཕྲད་སྐབས། བོད་མིའི་སྒྲིག་འཛུགས་ངོས་ནས་ལྟ་རྟོག་བྱ་རྒྱུ་ཁག་པོ་ཆགས་ཀྱི་རེད་ཅེས་དེ་སྔ་ནས་གསུངས་ཡོད་པ་རེད།


གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎