བོད་ཀྱི་སྐད་ཡིག་ཐོབ་ཐང་འཐབ་རྩོད་པ་དང་ཆབ་སྲིད་བཙོན་ཟུར་བཀྲ་ཤིས་དབང་ཕྱུག་ལགས་སུ་བཅར་བརྡུང་བྱས་ཡོད་འདུག

ཕྱི་ཟླ་ ༡༠ ཚེས་ ༡༧ ཉིན་བོད་ཀྱི་སྐད་ཡིག་ཐོབ་ཐང་འཐབ་རྩོད་པ་དང་ཆབ་སྲིད་བཙོན་ཟུར་བཀྲ་ཤིས་དབང་ཕྱུག་ལགས་ནས། སྐྱེ་དགུ་མདོའི་ཡུལ་ཤུལ་ཁུལ་ཐོག་ཏུ་རླངས་འཁོར་འཁྲུ་སའི་ཚོང་ཁང་ཞིག་སྒོ་ཕྱེ་བར། ཉེན་རྟོག་པས་ཚོང་ཁང་དེབ་སྐྱེལ་གྱི་ཐོ་འགོད་ལས་དོན་གཉེར་དགོས་སྐོར་བརྗོད་པས། ཁོང་ཡུལ་ཤུལ་གཞུང་འབྲེལ་ཐོ་འགོད་ཁང་དུ་ཕྱིན་སྐབས་ཐོ་འགོད་ལས་དོན་མ་གཉེར་སྟབས་ཁོང་གིས་ལས་བྱེད་ཚོ་བརྙན་པར་བླངས་ཏེ། སྤྱི་ཚོགས་དྲ་ལམ་དུ་སྤེལ་རྐྱེན་ཡུལ་ཤུལ་གྲོང་ཁྱེར་སྤྱི་བདེ་ཉེན་རྟོག་པས་ཉིན་གསུམ་རིང་བཀག་ཉར་འདྲི་རྩད་དང་བཅར་བརྡུང་བྱས་ཡོད་པ་མ་ཟད། ཁོང་གིས་གཉེར་མགོ་ཚུགས་པའི་རླངས་འཁོར་འཁྲུ་ས་དེ་ཡང་བཙན་ཐབས་ཀྱིས་སྒོ་བརྒྱབ་བཅུག་ཡོད་པ། བོད་ཕྱི་ནང་གཉིས་ཀྱི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་བོད་ནང་གི་གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་བརྗོད་དོན་ལ། བཀྲ་ཤིས་དབང་ཕྱུག་ལགས་ནས་ཚོང་ཁང་སྒོ་ཕྱེ་རྗེས་ས་གནས་ཉེན་རྟོག་པ་ཁག་ཅིག་ཡོང་སྟེ། ཚོང་ལས་ཐོ་འགོད་དགོས་པའི་བཀའ་བཏང་བ་བཞིན་ཁོང་ཡུལ་ཤུལ་མི་མང་སྲིད་གཞུང་ཁང་དུ་ཕྱིན་ནས་ཐོ་འགོད་ལས་དོན་གཉེར་ཐབས་བྱེད་སྐབས། ཐོ་འགོད་ཁང་གི་གཞུང་འབྲེལ་ལས་བྱེད་ཚོས་ཁོང་གི་རེ་སྐུལ་ངོས་ལེན་མ་བྱས་པས། བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གནས་ཚུལ་དེ་བརྙན་དུ་བླངས་ཏེ་སྤྱི་ཚོགས་དྲ་ལམ་དུ་སྤེལ་ཡོད་པ་དང་། རྗེས་སུ་ཁོང་ཡུལ་ཤུལ་གྲོང་ཁྱེར་དོ་དམ་དང་ཁྲིམས་འཛིན་སྡེ་ཁག་( 城管执法大队)ཟེར་བས་འཛིན་བཟུང་གིས། སྤྱི་ཚོགས་དྲ་ལམ་དུ་བརྙན་སྤེལ་བས་སྲིད་གཞུང་ལ་ངོ་རྒོལ་ནག་ཉེས་གསོག་ཡོད་སྐོར་བརྗོད་ནས་ཡུལ་ཤུལ་གྲོང་ཁྱེར་སྤྱི་བདེ་ཉེན་རྟོག་པར་རྩིས་སྤྲོད་བྱས་པ་ཡིན་སྐོར་བརྗོད་བྱུང་ལ། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་ཡུལ་ཤུལ་གྲོང་ཁྱེར་སྤྱི་བདེ་ཉེན་རྟོག་ཁང་ལ་ཁ་པར་བརྒྱུད་འབྲེལ་བ་བྱས་ཀྱང་ཡ་ལན་གང་ཡང་བྱས་མ་སོང་།
བཀྲ་ཤིས་དབང་ཕྱུག་ལགས་ནས་བོད་སྐད་ཡིག་ཐོབ་ཐང་དང་འབྲེལ་རྒྱ་ནག་གཞུང་ལ་ཞུ་གཏུག་དང་། ཁོང་གིས་ཨ་རིའི་(New York Times)གསར་ཁང་ལ་གནད་དོན་དེའི་སྐོར་གསུངས་པར་བརྟེན། རྒྱ་ནག་གཞུང་གིས་ཁོང་ཕྱི་ལོ་ ༢༠༡༦ ཟླ་བ་ ༡ ནང་འཛིན་བཟུང་གིས། ཕྱི་ལོ་ ༢༠༡༨ ཟླ་བ་ ༥ཚེས་ ༢༢ ཉིན་རྒྱལ་ཁབ་ཁ་བྲལ་གྱི་་ཉེས་མིང་འོག་ལོ་ལྔའི་ཁྲིམས་ཐག་བཅད་ནས་བཙོན་འཇུག་བྱས་ཡོད་པ་རེད་ལ། ཡང་འབྲེལ་ཡོད་གཞན་དེས་ཐེངས་འདིར་བཀྲ་ཤིས་དབང་ཕྱུག་ལགས་ནས་སྤྱི་ཚོགས་དྲ་ལམ་དུ་བརྙན་སྤེལ་བ་དེ་ཁོ་རང་གི་སྨྲ་བརྗོད་རང་དབང་དང་ཐོབ་ཐང་ཡིན་སྐོར་བརྗོད་ནས་ནག་ཉེས་སུ་ངོས་ལེན་བྱས་མེད་པ་དང་། ཁོང་བཅར་བརྡུང་བྱེད་མཁན་ཁྲོད་དུ་ཡུལ་ཤུལ་གྲོང་ཁྱེར་སྤྱི་བདེ་ཉེན་རྟོག་ཁང་གི་མགོ་གཙོ་དང་གྲོང་ཁྱེར་སྤྱི་ཁྱབ་གཞོན་པ་(冶胡赛)ཡང་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་ལ། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས་དེང་སྐབས་རྒྱ་ནག་གཞུང་གིས་བོད་ནང་སྔར་ལས་དམ་དྲགས་དང་། དམིགས་བསལ་ཆབ་སྲིད་བཙོན་པ་ཚོའི་སྒེར་གྱི་འཚོ་གནས་རང་དབང་སོགས་ལ་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་བརྗོད་བྱུང་།
བཀྲ་ཤིས་དབང་ཕྱུག་ལགས་ནས་སྔ་ཕྱིར་བོད་ཀྱི་སྐད་ཡིག་ཐོབ་ཐང་གནས་སྟངས་དང་འབྲེལ་རྒྱ་ནག་གཞུང་ལ་ཁྲིམས་མཐུན་ངང་ཞུ་གཏུག་ཐེངས་མང་བྱས་ཀྱང་། རྒྱ་ནག་གཞུང་གིས་ཁོང་ཕྱི་ལོ་ ༢༠༡༦ ཟླ་བ་ ༡ ནང་འཛིན་བཟུང་གིས་ཕྱི་ལོ་ ༢༠༡ ༨ལོའི་ཟླ་བ་ ༥ ཚེས་ ༢༢ ཉིན་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་ལོ་༥་ཡི་བཙོན་འཇུག་ཁྲིམས་ཆད་བཅད་ཡོད་ན་ཡང་། ཕྱི་ལོ་ ༢༠༢༡ ལོའི་ཟླ་བ་ ༡ ནང་ཀློད་གྲོལ་བཏང་རྗེས་ཁོང་གིས་མུ་མཐུད་རྒྱ་ནག་གི་ཝེ་པོ་སྤྱི་ཚོགས་དྲ་ལམ་བརྒྱུད་ཡུལ་ཤུལ་ཁུལ་གཙོའི་བོད་ནང་གི་བོད་སྐད་ཡིག་གནས་བབ་དང་། སྲིད་གཞུང་ཁག་གིས་བོད་སྐད་ཡིག་གི་ཁྲིམས་སྲོལ་ལག་བསྟར་ཐད་བསམ་ཚུལ་དང་རྩོམ་ཐུང་རིགས་སྤེལ་ཡོད་པ་རེད་ལ། ཕྱི་ལོ་ ༢༠༢༢ ཟླ་བ་ ༤ ནང་ནས་ཡུལ་ཤུལ་གྲོང་ཁྱེར་སྲིད་གཞུང་ལ་ཁུལ་དེའི་གཞུང་གི་ལས་ཁུངས་ཁག་དང་སློབ་གྲྭ་ཁག་ཏུ་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་གཏོང་དགོས་པའི་དགོས་འདུན་ཞུ་གཏུག་ཆེད་བཅར་སྐབས། བདེ་སྲུང་མི་སྣས་བཀག་འགོག་བྱས་ཡོད་པ་རེད་ལ། ལོ་དེའི་ཟླ་བ་ ༡ ཚེས་ ༡༧ ཉིན་ཡུལ་ཤུལ་ཉེན་རྟོག་པས་ཁོང་ཉེན་རྟོག་ཁང་དུ་འབོད་འགུག་གིས་ཆུ་ཚོད་གསུམ་རིང་འདྲི་རྩད་བྱས་ཡོད་པའི་གནས་ཚུལ་སོགས་ཐོན་ཡོད་པ་རེད།
གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།