བཞུགས་སྒར་དུ་བོད་མི་ཞིག་ལ་རྒྱ་གར་བ་གསུམ་གྱིས་གྲི་བརྒྱབ་ཡོད་པ།
2015.10.31

༄༅། །ཕྱི་ཟླ་བཅུ་པའི་ཚེས་༣༠ ཕྱི་དྲོའི་ཆུ་ཚོད་ ༡༡ ཡོལ་ཙམ་ལ། རྡ་རམ་ས་ལའི་མེག་ལོར་གྷན་ཇི་ཁྲོམ་གཞུང་དུ་བོད་པའི་ཕོ་གསར་ཞིག་དང་བུ་མོ་ཞིག་ལ་རྒྱ་གར་བ་བུ་གསུམ་གྱིས་བསྙད་བརྐོས་ཏེ་ཁ་རྩོད་ཤོར་བའི་རྗེས་རྒྱ་གར་བ་དེ་ཚོས་བོད་པའི་བུ་དེར་གྲིས་བརྒྱབ་པར་བརྟེན་ནས་ཁྲག་མང་པོ་ཐོན་ནས་སྨན་ཁང་ལ་སྐྱེལ་བའི་ལམ་ཁར་འདས་གྲོངས་སུ་ཕྱིན་ཡོད་པ་རེད།
དེ་རིང་གནས་ཚུལ་ནང་ཐོན་པར་གཞིགས་ན། རེས་གཟའ་པ་སངས་ཀྱི་ཕྱི་དྲོ་བོད་པའི་བུ་མོ་ཞིག་ལས་ཀ་ཚར་རྗེས། ཨ་མདོ་མཚོ་སྔོན་ནས་ཡིན་པའི་བོད་པའི་བུ་ངོ་ཤེས་གྲོགས་པོ་ཞིག་གི་ནང་ལ་དགོང་དྲོའི་ཁ་ལག་ཟ་བར་ཕྱིན་ཏེ་ཚོུད་༡༡ ཙམ་ལ་བུ་དེས་བོུ་དེ་ནང་དུ་བསྐྱེལ་དུ་བསྐྱོད་བའི་སྐབས། མེག་ལོར་གྷན་ཇིའི་བདེ་དོན་ལས་ཁུངས་ཀྱི་འཁྲིས་ལ་སྦག་སྦག་བཏང་བའི་རྒྱ་གར་བ་ཁྱོ་ག་གསུམ་བསྡད་ཡོད་དེ་ཚོས་ཁོང་གཉིས་ལ་བསྙད་བཀོལ་ཡོད་པ་རེད། འོན་ཀྱང་ཁོང་གཉིས་ནས་རྒྱ་གར་དེ་ཚོར་ཁ་ཡ་མ་བྱས་པར་ནང་དུ་ལོག་པའི་ལམ་དུ་མུ་མཐུད་བསྐྱོད་ཡོད་ཀྱང་། རྒྱ་གར་གསུམ་པོ་དེས་ཁོང་གཉིས་པོ་རྗེས་དེད་བཏང་ནས་། བོད་པའི་བུ་དེར་ཉེས་རྡུང་ཚད་མེད་བཏང་བར་བརྟེན་བུ་མོ་དེས་འགོག་ཐབས་བྱས་ཡོད་ཀྱང་རྒྱ་གར་གསུམ་པོ་ཤུགས་ཆེ་བའི་རྐྱེན་གྱིས་རོགས་པ་བྱེད་ཐུབ་ཐབས་མེད་པར་གྱུར་བ་དང་། དེ་རྗེས་རྒྱ་གར་བས་བུ་དེ་ལ་གྲི་བརྒྱབ་ཡོད་པ་རེད། སྐབས་དེར་བུ་མོ་དེས་རོགས་པ་བྱེད་རོགས་ཟེར་སྐད་ཇི་ཙམ་རྒྱབ་ཀྱང་མི་སུ་གཅིག་ཡོང་མཁན་བྱུང་མེད་པར་བརྟེན་ཉེན་རྟོག་པར་ཁ་པར་གཏོང་ཁུལ་བྱས་སྟབས། རྒྱ་གར་བ་གསུམ་པོ་དེ་སྦག་སྦག་བཞོན་ནས་བྷག་སུ་ཕྱོགས་སུ་བྲོས་ཕྱིན་ཡོད་པ་རེད་། དེ་རྗེས་བོུ་དེ་ལ་མི་གཉིས་ཀྱི་རོགས་རམ་བྱེད་མཁན་བྱུང་སྟེ་རྨས་སྐྱོན་འཕོག་པའི་བོད་བུ་དེ་རྡ་རམ་ས་ལའི་ཤོད་ཀྱི་རྒྱ་གར་སྨན་ཁང་དུ་སྐྱེལ་བར་འགྲོ་བའི་ལམ་བར་འདས་གྲོངས་སུ་གྱུར་ཡོད་པ་རེད།།
རྡ་ས་ས་གནས་བདེ་དོན་ལས་ཁུངས་ནས། ད་ལྟའི་ཆར་ཉེན་རྟོག་པས་རྒྱ་གར་བ་གསུམ་པོ་བརྩད་གཅོད་བྱེད་བཞིན་ཡོད་པའི་ཁར་བདེ་དོན་ལས་ཁུངས་ནས་ཀྱང་དེའི་ཁུལ་གྱི་བོད་པ་ཚོར་འདྲི་བརྩད་བྱེད་ཀྱི་ཡོད་ལུགས་སྐོར་གསུངས་ཡོད་ལ། ད་དུང་རྡ་རམ་ས་ལའི་ཤོད་ཀྱི་ཀ་ཅ་རི་ཉེན་རྟོག་ལས་ཁུངས་ནས། ད་ལྟ་དོན་རྐྱེན་བྱུང་ཡུལ་གྱི་ས་ཆ་དངོས་ལ་བརྟག་དཔྱད་བྱེད་བཞིན་ཡོད་པ་དང་། གནས་ཚུལ་ཚང་མ་རྩད་གཅོད་ཐིལ་ཕྱིན་པ་བྱུང་བའི་རྗེས་ལ་ཕྱིར་བསྒྲགས་བྱ་རྒྱུའི་འཆར་གཞི་ཡོད་པའི་སྐོར་གསུངས་ཡོད་པ་རེད།།
གསར་འགོད་པ་གཡུ་སྒྲོན།
ཞིབ་ཕྲ་འདི་གའི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎
གསར་འགོད་པ་ཨོ་རྒྱན་བསྟན་འཛིན།