རྒྱ་ནག་གཞུང་གིས་གཞུང་འབྲེལ་གཏན་འབེབས་སློབ་ཁྲིད་ལས་བརྒལ་བའི་ཉེས་མིང་འོག་བོད་ཡིག་དགེ་རྒན་ཞིག་ཕྱིར་ཕུད་བཏང་འདུག

2024.04.17
རྒྱ་ནག་གཞུང་གིས་གཞུང་འབྲེལ་གཏན་འབེབས་སློབ་ཁྲིད་ལས་བརྒལ་བའི་ཉེས་མིང་འོག་བོད་ཡིག་དགེ་རྒན་ཞིག་ཕྱིར་ཕུད་བཏང་འདུག བོད་ཡིག་དགེ་རྒན་དོན་ཡོན་ལགས་ཀྱི་པར་རིས། ཟླ་ཚེས་མི་གསལ།
མི་སེར་གསར་འགོད་པ།

ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༣ ཟླ་དཀྱིལ་ནང་རྒྱ་ནག་གཞུང་གིས་རྔ་བ་རྫོང་རྨེ་རུ་མ་ཡུལ་ཚོའི་ལྟེ་བའི་སློབ་ཆུང་ནང་། བོད་སྐད་ཡིག་གི་དགེ་རྒན་ཀྱི་ཕྱག་ལས་གནང་བཞིན་པ་བོད་རིགས་དགེ་རྒན་དོན་ཡོད་ལགས་ནས། སློབ་ཕྲུག་ཚོར་རྒྱལ་ཁབ་ཀྱི་ཤེས་ཡོན་སློབ་གསོ་ལས་བརྒལ་བའི་སློབ་ཁྲིད་བྱེད་བཞིན་ཡོད་པའི་ཉེས་མིང་འོག ཐེངས་མང་ལ་འགོད་འགུག་འདྲི་རྩད་ཀྱིས་མཐར་སློབ་གྲྭ་ནས་ཕྱིར་ཕུད་བཏང་སྟེ། དགེ་རྒན་གྱི་ལས་གནས་གཉེར་མི་ཆོག་པ་བཟོས་ཡོད་སྐོར། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་འབྲེལ་ཡོད་ཅིག་ནས་མུ་མཐུད་བརྗོད་དོན་ལ། དགེ་རྒན་དོན་ཡོད་ལགས་ནི་རྨེ་རུ་ལྟེ་བའི་སློབ་ཆུང་གི་བོད་སྐད་ཡིག་དགེ་རྒན་དང་། ཁོང་གིས་འདས་པའི་ལོ་ངོ་ ༡༥ རིང་བོད་ཡིག་དགེ་རྒན་བྱས་མྱོང་ཡོད་པས། སློབ་ཕྲུག་ཚོས་དགའ་མོས་དང་གུས་ཞབས་བྱེད་སའི་དགེ་རྒན་ཞིག་ཡིན་པ་དང་། ཁོང་སློབ་གྲྭ་ནས་ཕྱིར་ཕུད་གཏོང་དོན་གཙོ་བོ་ཁོང་གིས་སློབ་ཕྲུག་ཚོར་བོད་སྐད་ཡིག་གི་གལ་ཆེའི་རང་བཞིན་དང་བོད་ཀྱི་ལོ་རྒྱུས་སོགས་སློབ་ཁྲིད་བྱས་རྐྱེན་ཡིན་པ་དང་། ཁོང་ལས་གནས་ཕྱིར་ཕུད་བཏང་རྗེས་སློབ་ཕྲུག་དང་སློབ་ཕྲུག་གི་ཁྱིམ་བདག་མང་པོར་བློ་ཕམ་ཡོང་གི་ཡོད་པ་འགྲེལ་བརྗོད་གནང་བྱུང་།

རྨེ་རུ་མ་ལྟེ་བའི་སློབ་ཆུང་ནི་རྒྱ་ནག་གཞུང་འབྲེལ་གཏན་འཇགས་བཅའ་སྡོད་སློབ་ཆུང་ཞིག་ཡིན་པ་དང་། སློབ་གྲྭ་དེ་རུ་དེ་སྔ་བོད་ཡིག་སློབ་ཁྲིད་གཙོ་འདོན་བྱེད་བཞིན་ཡོད་ཀྱང་། ཕྱི་ལོ་ ༢༠༡༨ ལོ་ནས་བཟུང་རྒྱ་ནག་གཞུང་གིས་སློབ་གསོ་དོ་སྙོམས་བྱས་པའི་ལས་འགུལ་འོག་རྒྱ་ཡིག་རྒྱ་སྐད་སློབ་ཁྲིད་ཤུགས་ཆེ་རུ་གཏང་ཡོད་འདུག་ལ། འབྲེལ་ཡོད་ནས་འདི་ག་རླུང་འཕྲིན་ཁང་ལ་བརྙན་ཞིག་མཁོ་འདོན་གནང་བའི་ནང་། རྒྱ་ནག་གཞུང་གིས་དགེ་རྒན་དོན་ཡོན་ལགས་འབོད་འགུག་གིས་འདྲི་རྩད་རྗེས་ཕྱིར་སློབ་གྲྭའི་ནང་ལོག་སྐབས། སློབ་ཕྲུག་ཚོ་སློབ་གྲྭའི་རྒྱལ་སྒོ་བར་དུ་རྒྱུག་ཏེ་དགེ་རྒན་དང་འཐམ་འཁྱུད་དང་ཁོང་ལ་བསུ་མ་བྱེད་བཞིན་པ་མཐོང་རྒྱུ་འདུག

ཕྱི་ལོ་ ༢༠༢༠ ལོ་ནས་བཟུང་། རྒྱ་ནག་གཞུང་གིས་བོད་ནང་གི་སློབ་གྲྭ་ཁག་ཏུ་རྒྱ་སྒྱུར་སློབ་གསོ་ཤུགས་ཆེ་རུ་བཏང་སྟེ། བོད་ནང་གི་སྒེར་གཉེར་སློབ་གྲྭ་ཁག་སྒོ་བརྒྱབ་བཅུག་པ་དང་། བོད་ནང་གི་ཤེས་ཡོན་སློབ་གསོའི་སྡེ་ཁག་དང་ཤེས་ཡོན་པའི་སྡེ་ལའང་སྔར་ལས་དམ་དྲག་བྱས་ཏེ། རྒྱ་བསྒྱུར་གྱི་སློབ་གསོ་གཏིང་ཟབ་ཏུ་བཏང་སྟེ། བོད་ཀྱི་སྐད་ཡིག་རིག་གཞུང་དང་ཆོས་ལུགས་བཅས་ཀྱི་ལྟེ་གནས་སུ་གྱུར་བའི་དགོན་པ་ཁག་དང་སློབ་གྲྭ་ཁག་ལ་དམ་དྲགས་ཤུགས་ཆེར་བྱེད་བཞིན་པ་མ་ཟད། ཕྱི་ལོ་ ༢༠༢༣ ལོར་དཀར་མཛེས་ཕྱོགས་སུ་བོད་སྐད་ཡིག་སློབ་ཁྲིད་མེད་པ་བཟོས་ཏེ། བོད་སྐད་ཡིག་དགེ་རྒན་ཚོ་ལས་མེད་ཀྱི་གནས་སུ་ལྷུང་བཞིན་པའི་གནས་ཚུལ་ཐོན་ཡོད་པ་རེད།

གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎