དགེ་འདུན་པ་རིན་ཆེན་ཚུལ་ཁྲིམས་ལགས་ཀྱི་བཙོན་མཇུག་དུས་ཡུན་ཚང་ནས་ཀློད་ཡོད་ན་ཡང་མུ་མཐུད་ལྟ་རྟོགས་འོག་ཡོད་འདུག

2024.02.02
དགེ་འདུན་པ་རིན་ཆེན་ཚུལ་ཁྲིམས་ལགས་ཀྱི་བཙོན་མཇུག་དུས་ཡུན་ཚང་ནས་ཀློད་ཡོད་ན་ཡང་མུ་མཐུད་ལྟ་རྟོགས་འོག་ཡོད་འདུག དགེ་འདུན་པ་རིན་ཆེན་ཚུལ་ཁྲིམས་ལགས་འཛིན་བཟུང་མ་བྱས་གོང་གི་པར་རིས། ཟླ་ཚེས་མི་གསལ།
མི་སེར་གསར་འགོད་པ།

ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༢ ཚེས་ ༡ ཉིན། རྒྱ་ནག་གཞུང་གིས་དེ་སྔ་ཕྱི་ལོ་ ༢༠༡༩ ལོར་རྒྱལ་ཁབ་ཁ་བྲལ་དང་སྤྱི་ཚོགས་ཟིང་འཁྲུག་བསླངས་པའི་ཉེས་མིང་འོག་ལོ་ངོ་བཞི་དང་ཟླ་དྲུག་གི་བཙོན་མཇུག་ཁྲིམས་ཐག་བཅད་ཡོད་པ། རྔ་བ་སྣང་ཞིག་དགོན་པའི་དགེ་འདུན་པ་རིན་ཆེན་ཚུལ་ཁྲིམས་ལགས་རྒྱ་ནག་ཁྲིན་ཏུའུ་མེན་ཡང་བཙོན་ཁང་ནས་བཙོན་མཇུག་དུས་ཡུན་ཚང་ནས་ཀློད་གྲོལ་བཏང་ཡོད་པ་དང་། ད་ལྟའི་ཆར་ཁོང་ཁཱ་ཤུལ་སྡེ་བའི་རང་ཁྱིམ་དུ་འབྱོར་ཡོད་པ་ལས། འཕྲོད་བསྟེན་གནས་བབ་དང་ཞིབ་ཕྲའི་གནས་ཚུལ་བཤད་ན་སྟབས་བདེ་མེད་སྐོར། འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་འབྲེལ་ཡོད་བོད་མི་གཅིག་ནས་མུ་མཐུད་བརྗོད་དོན་ལ། ཕྱི་ཚེས་ ༡ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༥།༠༠ ཙམ་ལ་རིན་ཆེན་ཚུལ་ཁྲིམས་ལགས་རང་ཁྱིམ་དུ་འབྱོར་ཡོད་པ་དང་། ད་ལྟའི་ཆར་མུ་མཐུད་ལྟ་རྟོགས་འོག་ཡོད་པས་གནས་ཚུལ་ཞིབ་ཕྲ་བཤད་ཐབས་མེད་སྐོར་འགྲེལ་བརྗོད་གནང་བྱུང་། དགེ་འདུན་པ་རིན་ཆེན་ཚུལ་ཁྲིམས་ལགས་རྒྱ་ནག་ཉེན་རྟོག་པས་ཕྱི་ལོ་ ༢༠༡༩ ལོར་མདོ་སྨད་རྔ་བ་ཀོར་མདོ་ས་ཚིགས་ནས་འཛིན་བཟུང་བཙན་ཁྲིད་ཀྱིས། ལོ་ངོ་གཅིག་ལྷག་རིང་ཆབ་སྲིད་སློབ་གསོ་སྤྲོད་དགོས་སྐོར་བརྗོད་ནས་བཀག་ཉར་འོག་བཞག་སྟེ། ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་ ༣ ནང་ཁྲིམས་ཀྱི་འགྲོ་རིམས་དང་ནང་མི་གཉེན་ཉེ་སོགས་ལ་བརྡ་ལན་གང་ཡང་མེད་པར། ཁོང་ལ་རྒྱལ་ཁབ་ཁ་བྲལ་དང་སྤྱི་ཚོགས་ཟིང་འཁྲུག་གི་ཉེས་མིང་འོག་ཁྲིམས་ཐག་བཅད་ཡོད་པ་རེད།

རྒྱ་ནག་གཞུང་གིས་དགེ་འདུན་པ་རིན་ཆེན་ཚུལ་ཁྲིམས་ལགས་འཛིན་བཟུང་བྱས་དོན་གཙོ་བོ། ཁོང་ནས་དེ་སྔ་བོད་ཀྱི་སྐད་ཡིག་ཐོབ་ཐང་སྐོར་གྱི་ཡིག་ཆ་འགྲེམས་སྤེལ་དང་། པཎ་ཆེན་རིན་པོ་ཆེ་མཆོག་གི་སྐོར་གཏམ་བཤད་སྤེལ་བས་རྒྱ་ནག་གཞུང་གིས་ཐེངས་གསུམ་ཙམ་ལ་ཉེན་བརྡ་བཏང་ཡོད་པ་འབྲེལ་ཡོད་ནས་བརྗོད་ཡོད་པ་རེད་ལ། ཁོང་གིས་དེ་སྔ་འཛིན་བཟུང་མ་བྱས་སྔོན་རྩོམ་ཡིག་ཁག་ཅིག་བྲིས་པའི་ནང་། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་སྐུ་པར་མཉམ་དུ་ངས་ཁྱོད་ལ་རྗེས་དྲན་དང་མྱ་ངན་ཞུ་དོན། ཁྱོད་ཉིད་ང་ཚོའི་སྡུག་བསྔལ་དང་ན་ཟུག་གི་ཆེད་དུ་སྐུ་གཤེགས་སོང་བས་ཡིན་དང་། ཡང་ཁོ་བོའི་མི་ཚེ་འདི་གནད་འགག་ཅིག་ཏུ་ངོས་འཛིན་བྱེད་བཞིན་མེད་ལ། ཅི་ཙམ་གནས་པའི་བར་མི་བུའི་ཐོབ་ཐང་དང་མི་རིགས་ཀྱི་གནས་སྟངས་ཆེད་དུ་བརྩོན་པ་བྱེད་ཀྱི་ཡིན་སོགས་བྲིས་ཡོད་པ་རེད། 

རིན་ཆེན་ཚུལ་ཁྲིམས་ལགས་ནི་ཁཱ་ཤུལ་སྡེ་བའི་གཉེར་བ་ཚང་ཞེས་པའི་ཞིང་པའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། ཁོང་དགུང་ལོ་དྲུག་ཙམ་ནས་རྔ་ཡུལ་གྱི་བོན་དགོན་ཆེ་ཤོས་སྣང་ཞིག་དགོན་པར་ཆོས་ཞུགས་བྱས་ཏེ། དགོན་པ་དེའི་སྔགས་ཀྱི་འཛིན་གྲྭར་ཐོན་ཡོད་པ་རེད་འདུག 

གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།   
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎