ལྷ་སར་བོད་མི་ཞིག་གིས་རང་ལུས་མེར་བསྲེག་གཏོང་ཐབས་བྱེད་སྐབས་ཁོང་ཉེན་རྟོག་པས་འཇུ་བཟུང་བྱས་འདུག
ཕྱི་ཟླ་ ༢ ཚེས་ ༢༥ ཉིན་གྱི་སྔ་དྲོ་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏཱ་ལའི་མདུན་དུ་བོད་མི་ཞིག་གིས་སྐད་འབོད་དང་བཅས་རང་ལུས་མེར་བསྲེག་གཏོང་ཐབས་བྱས་འདུག་ཅིང་། དེ་མ་ཐག་བོད་མི་དེ་རྒྱ་གཞུང་གི་ཉེན་རྟོག་པས་འཇུ་བཟུང་བྱས་འདུག་པ་བོད་ཕྱི་ནང་གཉིས་ཀ་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་བྱུང་།
གནས་ཚུལ་འབྱུང་ཁུངས་པ་གཅིག་གིས་བརྗོད་ན། ཁོང་ཕྱི་ཚེས་ ༢༥ ཉིན་གྱི་སྔ་དྲོ་ཕོ་བྲང་པོ་ཏཱ་ལའི་མདུན་དོན་རྐྱེན་དེ་བྱུང་མ་ཐག་ཉེན་རྟོག་པས་ཕོ་བྲང་ཉེ་འགྲམ་གྱི་མོ་ཊའི་ལམ་ཁ་ཡོངས་རྫོགས་བཀག་འདུག་པ་དང་། དེ་རིང་ཕྱི་ཚེས་ ༢༦ ཉིན་ཕོ་བྲང་པོ་ཏཱ་ལའི་མདུན་དམག་མི་ནམ་རྒྱུན་ལས་མང་བ་འགྲེམས་འཇོག་བྱས་ཡོད་འདུག
རང་ལུས་མེར་བསྲེག་གཏོང་ཐབས་བྱེད་མཁན་གྱི་བོད་མི་དེ་ཕོ་མོ་ཇི་ཡིན་གསལ་ཁ་མི་འདུག་ལ། སྐད་འབོད་ཀྱི་ནང་དོན་གང་ཡིན་པ་ཡང་ཤེས་རྟོགས་མེད་པ་མ་ཟད། བོད་མི་དེ་འཇུ་བཟུང་བྱས་རྗེས་གང་དུ་ཁྲིད་ཡོད་མེད་དང་། གཟུགས་པོར་རྨས་སྐྱོན་བྱུང་ཡོད་མེད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་མེད་པ་རེད་འདུག
བོད་ཀྱི་ལོ་གསར་ཚེས་རྒྱུར་ཉིན་གྲངས་ཁ་ཤས་ལས་མེད་པ་དང་། ལྷག་པར་དུ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སླེབས་པར་ཉིན་གྲངས་བཅུ་གཉིས་ཙམ་ལས་མེད་ཅིང་། རྒྱ་ནག་དམར་ཤོག་གཞུང་གིས་ཕྱི་ཟླ་གསུམ་པ་ནི་རྣོ་ངར་ཅན་གྱི་ཟླ་བ་ཞིག་ལ་རྟག་ཏུ་ངོས་འཛིན་གྱིས་བོད་ཀྱི་ས་ཁུལ་ཡོངས་དང་ལྷག་པར་དུ་བོད་ཀྱི་རྒྱལ་ས་ལྷ་སར་ལོ་ལྟར་དོ་དམ་ལྟ་སྲུང་ནན་པོ་བྱེད་བཞིན་ཡོད་པ་རེད།
དེ་སྔོན་ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༥ ནང་ རྡོ་རྗེ་ཚེ་བརྟན་ལགས་དང་དར་རྒྱས་ལགས་ཞུ་བ་གྲོགས་པོ་གཉིས་ཀྱིས་ལྷ་ས་གཙུག་ལག་ཁང་གི་མདུན་རང་ལུས་མེར་བསྲེག་གི་ངོ་རྒོལ་གནང་ཞིང་། ཁོང་གཉིས་ཀ་འདས་གྲོངས་སུ་གྱུར་ཡོད་པ་རེད།
གསར་འགོད་པ། སྐལ་ལྡན་བློ་གྲོས་དང་བཀྲིས་དབང་ཕྱུག
དྲ་ཐོག་རྩོམ་སྒྲིག་པ།སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག