ཨོ་སི་ཀྲི་རི་ཡར་བོད་དོན་ཉམས་ཞིབ་ལྟེ་གནས་ཁང་གསར་བཙུཌ།
2008.11.03
༄༅༎བོད་ནང་ལོ་བདུན་ཞེས་པའི་ཕྱག་དེབ་རྩོམ་སྒྲིག་གནང་མཁན་སྐུ་ཞབས་ཧའེན་རིག་ཧ་རར་དམ་པ་དེ་ཉིད་ཀྱི་འཁྲུངས་ཡུལ་དུ་རྒྱལ་སྤྱིའི་ཐོག་ནས་བོད་དོན་ཉམས་ཞིབ་ལྟེ་གནས་ཁང་ཞིག་དབུ་འབྱེད་མཛད་སྒོ་སྤེལ་ཡོད་པ་རེད།
བོད་དོན་ཉམས་ཞིབ་ལྟེ་གནས་ཁང་དེ་དབུ་འབྱེད་མཛད་སྒོའི་ཐོག་ཨོ་སི་ཀྲི་རི་ཡའི་ཀརྣ་ཏེན་མངའ་སྡེའི་སྲིད་སྐྱོངས་གཞོན་པ་དང་དེ་བཞིན་གྲོང་ཁྱེར་སྤྱི་ཁྱབ།ས་གནས་གྲོས་ཚོགས་ཀྱི་འཐུས་མི་ཚོགས་སྐུ་མགྲོན་མི་གྲངས་སུམ་བརྒྱ་ལྔ་བཅུ་ཙམ་ཆེད་ཕེབས་གནང་ཡོད་པ་དང་དབུ་འབྱེད་མཛད་སྒོའི་ཐོག་སུད་སི་ནང་ཡོད་པའི་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་སྒྲུབ་ལགས་ཀྱིས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྩལ་གནང་བའི་གསུང་འཕྲིན་སྒྲོགས་སྦྱང་གནང་ཡོད་ཅིང་༸གོང་ས་མཆོག་གིས་བསྩལ་བའི་གསུང་འཕྲིན་ནང་བོད་ཀྱི་ཆོས་དང་རིག་གཞུང༌།གསོ་རིག་སོགས་ཀྱི་ཁོར་ཡུག་དེས་མི་གཞན་ལ་ཕན་ཐོགས་གང་ཙམ་ཡོང་གི་ཡོད་པ་དང་ཡིན་ནའི་མ་འོངས་དུས་ཡུན་རིང་པོའི་ནང་དེ་དག་རྒྱུན་འཛིན་བྱ་རྒྱུར་ང་ཚོར་མུ་མཐུད་ནས་རོགས་རམ་བྱེད་མཁན་གྲོགས་པོ་ཚོའི་རྒྱབ་སྐྱོར་མུ་མཐུད་ནས་དགོས་ཀྱི་ཡོད་པ་དང་ད་རེས་བོད་ཀྱི་ཚོ་དང་དུས་ཡུན་རིང་པོའི་རིང་གྲོགས་པོ་གནང་མཁན་གྱི་མི་སེར་གནས་སྡོད་གནང་སའི་ཨོ་སི་ཀྲི་རི་ཡའི་ཧ་ཏེན་སྦག་ནང་བོད་ཀྱི་ཉམས་ཞིབ་ལྟེ་གནས་ཁང་གསར་བཙུགས་ཐུབ་པ་དེར་ཐུགས་ཧ་ཅང་མཉེས་པོ་བྱུང་བ་བཀའ་གནང་ཡོད་པ་རེད། རྒྱལ་སྤྱིའི་བོད་དོན་ཉམས་ཞིབ་ལྟེ་གནས་ཁང་དེ་བཞིན་ཨོ་སི་ཀྲི་རི་ཡའི་ཀརྣ་ཏེན་ས་གནས་གཞུང་གིས་བཙུགས་གནང་བ་ཞིག་ཡིན་པ་དང་འདས་པའི་ལོ་ངོ་ལྔའི་རིང་ཉམས་ཞིབ་ལྟེ་གནས་ཁང་དེ་གསར་སྐུན་གནང་རྒྱུའི་ལས་དོན་སྤེལ་ཡོད་ཅིང་གཟའ་འཁོར་གསུམ་གྱི་སྔོན་མོ་ཊ་རྡབ་སྐྱོན་བྱུང་ནས་རྐྱེན་འདས་སུ་ཕེབས་པའི་མངའ་སྡེ་དེའི་སྲིད་སྐྱོངས་དམ་པ་ཧོག་ཧའེ་ཌར་ཡིས་བོད་དོན་ཉམས་ཞིབ་ལྟེ་གནས་ཁང་དེ་སྐྲུན་རྒྱུའི་ལས་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་པ་རེད། བོད་དོན་ལྟེ་གནས་ཁང་དེའི་ནང་གཙོ་བོ་བོད་ཀྱི་གསོ་རིག་དང་སྐར་རྩིས།ནང་པའི་ཚན་ཉིད་རིག་པ་སོགས་ཀྱི་འཕེལ་རིམ་ངོ་སྤྲོད་བྱ་རྒྱུ་མ་ཟད་རྒྱ་གར་དང་ཡོ་རོབ།ཨ་རི་སོགས་ནས་མཁས་དབང་གདན་ཞུ་གནང་ཏེ་གསུང་བཤད་གནང་རྒྱུའི་ལས་རིམ་ཡང་གོ་སྒྲིག་གནང་རྒྱུ་འཆར་གཞི་ཡོད་པ་རེད།