ཨ་ཉ་སེང་སྒྲ་ལགས་ཀྱི་ཞུ་གཏུག་ཞིབ་གཅོད་གཉིས་པ་བྱེད་གཏན་འཁེལ་འདུག
2020.04.24
ཨ་ཉ་སེང་སྒྲ་ལགས་ཀྱི་ཞུ་གཏུག་གཉིས་པའི་སྐབས་རྒྱ་ནག་གཞུང་གིས་དྲང་བདེན་གྱི་ཐག་གཅོད་ཡོང་དགོས་བ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་འབོད་སྐུལ་གནང་འདུག
བོད་མདོ་སྨད་མགོ་ལོག་ཁུལ་གྱི་བོད་མི་ཨ་ཉ་སེང་སྒྲ་ལགས་ཀྱིས་ས་གནས་སུ་ཁོར་ཡུག་སྲུང་སྐྱོབ་དང་། ས་གནས་དཔོན་རིགས་ཀྱི་ལྐོག་ཟ་རུལ་སུངས་སོགས་ཀྱི་གནས་ཚུལ་ཐེར་འདོན་བྱས་པར་བརྟེན་༢༠༡༨་ལོར་རྒྱ་ནག་གཞུང་གིས་འཛིན་བཟུང་གིས་ལོ་གཅིག་དང་ཟླ་གཉིས་ཙམ་ལ་བཀག་ཉར་བྱས་པའི་རྗེས་སུ། ཕྱི་ལོ་༢༠༡༩་ལོའི་ཟླ་༡༢་ཚེས་༦་ཉིན་རྒྱ་གཞུང་གིས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་མི་དམངས་ཁྲིམས་ཁང་དུ་ཉིན་༢་རིང་ཁྲིམས་ར་ཚོགས་ཁུལ་གྱིས། བོད་མི་༨་ལ་ཁྲིམས་ཐག་བཅད་ཡོད་པའི་ཁོངས་ནས་ཉེས་གསོག་གི་གསལ་ཁ་གང་ཡང་མེད་པར་ཨ་ཉ་སེང་སྒྲར་སྙད་འཚོལ་འཁྲུག་སློང་དང་མི་མང་བསྡུ་རུབ་ཀྱིས་སྤྱི་ཚོགས་སྒྲིག་ལམ་ལ་གཏོར་བརླག་བཏང་བའི་ཉེས་མིང་འོག་ལོ་བདུན་གྱི་ཁྲིམས་ཆད་ཀྱི་བཅད་ཁྲ་བསྒྲགས་ཡོད་པ་དེར། ཁོང་གིས་ངོས་མེད་བྱེད་ཀྱི་མེད་པ་དང་། འདི་ཚེས་༢༧་ཉིན་ཁོང་གིས་ཞུ་གཏུག་གཉིས་པ་དེ་བྱེད་ཀྱི་ཡོད་འདུག
གནས་ཚུལ་དེའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་འབྲེལ་ཡོད་མི་སྣ་ཁག་ཅིག་ལ་བཅར་འདྲི་བྱས་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། རྒྱ་ནག་གི་བཅའ་ཁྲིམས་ནང་གསལ་ལྟར། གཏེར་ཁ་སྔོག་འདོན་སྐབས་ས་གནས་མི་མང་གི་བདེ་སྡུག་ལ་ལྟ་དགོས་གསལ་བ་བཞིན་ཨ་ཉ་སེང་སྒྲ་ལགས་ཀྱིས་ས་གནས་སུ་གཏེར་ཁ་སྔོག་འདོན་གྱི་ལས་གཞིར་སྐྱོན་བརྗོད་ཀྱི་བསལ་ཚུལ་བརྗོད་པར་ཉེས་མིང་བཏགས་ནས་ཁྲིམས་ཐག་བཅད་པ་དྲང་བདེན་མིན་པར་སོང་། ཁོང་གིས་ཉེས་འཛུགས་དེར་ངོས་ལེན་མ་བྱས་པར་ད་རེས་ཡང་བསྐྱར་ཞུ་གཏུག་གཉིས་པ་དེ་གནང་གི་ཡོད་སྟབས་རྒྱ་ནག་གཞུང་གིས་དྲང་བདེན་ཐོག་ནས་ཐག་གཅོད་གནང་དགོས་པའི་འབོད་སྐུལ་གནང་གི་འདུག
ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བོད་ནང་གི་ས་གནས་བོད་མི་ཞིག་ལ་ཁོང་གི་སྐོར་སྐད་ཆ་དྲིས་སྐབས། ཁོང་གིས་གསུང་ན། ཨ་ཉ་སེང་སྒྲ་ནི་མདོ་སྨད་མགོ་ལོག་ཁུལ་དགའ་བདེ་རྫོང་གཙང་སྐོར་ཞོལ་མ་ནས་རེད། ཁོང་ནི་མི་བུ་རླབས་པོ་ཆེ་ཞིག་ཡིན། རྒྱ་ནག་གོང་རིམ་ནས་ས་གནས་སུ་རྣམ་གྲངས་གནང་སྤྱིན་བྱས་བ་གཙོས་ཕྱོགས་མང་པོ་ནས་ས་གནས་ཀྱི་ལས་བྱེད་འགོ་ཁྲིད་ཚོས་ལྐོག་ཟ་བྱས་བ་དང་། དབྱེ་འབྱེད། ད་དུང་མི་རིགས་ཀྱི་བདེ་སྡུག་ལ་ལྟ་རྟོགས་མི་བྱེད་པ་དང་། ལྷག་པར་ས་གནས་ཀྱི་མི་དམངས་སྐྱོ་བོ་ཚོར་ལྟ་རྟོགས་མི་བྱེད་པ་སོགས་ཀྱི་གནད་དོན་མང་པོ་ཐེར་འདོན་བྱས་ནས། རྫོང་དང་ཁུལ། ཞིང་ཆེན་རིམ་པར་ཞུ་གཏུག་བྱས་མྱོང་བ་དང་། རྗེས་སུ་འཛིན་བཟུང་བྱས་བ་རེད། དེ་མ་གཏོགས་ཆབ་སྲིད་ཁྲིམས་འགལ་གྱི་གནད་དོན་གང་ཡང་མེད་བསམ་ཡོད། ཡིན་ན་ཡང་དེང་སྐབས་བོད་ནང་དུ་མི་རིགས་ཀྱི་ལ་ཞེན་ཡོད་པ་དང་། མི་བུ་རླབས་ཆེན། མི་རིགས་ཀྱི་ཆེད་དུ་ལས་ཀ་བྱེད་མཁན་ཚོའི་ཚེ་སྲོག་ལ་ཉེན་ཁ་ཡོད་པ་དང་། ཡང་ན་འཛིན་བཟུང་བྱས་དང་བྱེད་བཞིན་པའི་གནས་ཚུལ་ཡོང་བཞིན་པ་རེད། ད་ལྟ་ས་གནས་བོད་མི་ཚོས་ཁོང་གི་གནས་སྟངས་ཐད་སེམས་ཁྲལ་བྱེད་བཞིན་ཡོད་ཀྱང་ཁོང་གར་ཡོད་གང་ཡིན་གྱི་གནས་སྟངས་ཙམ་ཡང་གསལ་ཆ་མེད་པར་ལུས་ཡོད་པ་སོགས་འགྲེལ་བརྗོད་གནང་སོང་།
ཡང་བོད་གནས་ཉམས་ཞིབ་པ་མིང་བརྗོད་འདོད་མེད་པ་ཞིག་གིས་གསུང་ན། འདི་ཚེས་༢༧་ ཉིན་ཨ་ཉ་སེང་སྒྲ་ལགས་ཀྱི་ཞུ་གཏུགས་ཉན་ཞིབ་གཉིས་པ་དེའི་ཐོག་ལ་ས་གནས་བོད་མི་ཚོའི་རྒྱབ་སྐྱོར་དང་དཀའ་ལས་རྒྱབ་སྟངས་ལ་བལྟས་པ་ཡིན་ན། ཁྲིམས་ཆད་ཡང་དུ་འགྲོ་དགོས་པ་ཞིག་ཡིན་ཀྱང་ད་བར་རྒྱ་ནག་གཞུང་གི་ཁྲིམས་ཀྱི་བརྒྱུད་རིམ་ལ་བལྟས་པ་ཡིན་ན་དྲང་བདེན་ཞིག་ཡོང་རྒྱུ་ཁག་པོ་རེད་ཅེས་དང་། ཨ་ཉ་སེང་སྒྲ་དང་ཁོང་གི་རོགས་པ་ཚོས་དགའ་བདེ་རྫོང་ས་གནས་སྲིད་གཞུང་གི་དབང་འཛིན་དཔོན་རིགས་ཚོའི་ཚུལ་མིན་ཁྲིམས་འགལ་ལག་བསྟར་དང་རུལ་སུངས་ཐེར་འདོན་གནང་ཐུབ་ཡོད་པས། ས་གནས་སྲིད་གཞུང་གིས་ཁོ་ཚོར་ཉེས་འགེལ་འོག་བཙོན་འཇུག་བྱས་པ་གསལ་པོ་ཡིན་པས། ཨ་ཉ་སེང་སྒྲ་ལགས་ཀྱི་ཁྲིམས་རྩོད་པ་ལིན་ཆི་ལེ་ལགས་ཀྱིས་ཕྱི་ཟླ་དང་པོའི་ནང་ཐག་གཅོད་དེར་བསྐྱར་ཞིབ་དགོས་པའི་སྙན་ཞུ་ཕུལ་ཡོད་པར་སོང་། འདི་ཚེས་༢༧་ཉིན་ཞུ་གཏུག་ཞིབ་གཅོད་གཉིས་པ་བྱེད་གཏན་འཁེལ་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ཨ་རིར་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་ཚོགས་པའི་རྒྱ་ནག་ལས་དོན་སྡེ་ཚན་གྱི་འགན་འཛིན་ལྕམ་(Sophie Richarson)་ལགས་ཀྱིས། རྒྱ་ནག་གཞུང་གིས་ཨ་ཉ་སེང་སྒྲ་ལ་ཉེས་པ་བཙུགས་པ་དེ་དག་གཞི་རྩ་མེད་པ་ཡིན་ཞིང་། ཞི་བའི་ངང་དཔོན་རིགས་ཚོར་སྐྱོན་བརྗོད་བྱས་པ་དེ་ཚོ་ནག་ཚོགས་ཀྱི་ཉེས་པ་དང་ངོ་བོ་གཅིག་ཏུ་བསྒྱུར་ཐབས་བྱས་བ་ཞིག་རེད། རྒྱ་ནག་གཞུང་གི་དཔོན་རིགས་ཚོས་ས་གནས་ཀྱི་ལས་འགུལ་ཅི་རིགས་ཤུལ་ལྷག་ཙམ་ཡང་མེད་པར་བཟོ་བའི་བྱེད་ཐབས་སྤེལ་བ་མངོན་པ་རེད། དུས་ཡུན་གང་མཚམས་སོང་ཡང་ད་དུང་རྡུང་རྡེག་ནན་པོ་ཞིག་ལག་བསྟར་བྱེད་ཐུབ་ཀྱི་མེད་པ་བསྐྱར་ནན་ཡང་ནན་བརྗོད་བཞིན་པའི་མཚམས་སུ་སླེབས་ཡོད། གྱོད་དོན་འདི་ནི་རྒྱ་ནག་གཞུང་གི་དཔོན་རིགས་ཚོའི་བྱ་སྤྱོད་ཉེས་འཛུགས་བྱེད་པ་ཞིག་ལས་ཨ་ཉ་སེང་སྒྲ་ཁྲིམས་ལ་སྦྱར་བ་ཞིག་མིན། ཁོང་གི་བློ་སྟོབས་ད་དུང་ཡང་ཞུམ་པ་མེད་པར་གནས་ཡོད། ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་ནས་འགྲེལ་བརྗོད་གནང་ཡོད།
ཨ་ཉ་སེང་སྒྲ་ལགས་ཀྱིས་དེ་སྔ་ནས་ས་གནས་དཔོན་རིགས་ཀྱི་ལྐོག་ཟ་རུལ་སུངས་སོགས་ཀྱི་གནས་ཚུལ་ཐེར་འདོན་བྱས་པར་བརྟེན། སྤྱི་ལོ་༢༠༡༤་ལོའི་སྤྱི་ཟླ་༡༢་པའི་ནང་འཛིན་བཟུང་གིས་ལོ་གཅིག་དང་ཟླ་གསུམ་གྱི་བཙོན་འཇུག་ཁྲིམས་ཆད་ཁུར་མྱོང་ཡོད་པ་རེད།