བྱང་ཨ་རིའི་རྒྱ་རིཌ་གསར་འགོད་པ་ཁག་གིས་བོད་སྐོར་དེབ་བྲིས།
2010.10.31
༄༅༎བྱང་ཨ་མི་རི་ཀའི་ནང་གི་རྒྱ་རིགས་གསར་འགྱུར་ལས་རིགས་པ་ཁག་ཅིག་གིས་བོད་དོན་སྐོར་དེབ་ཞིག་རྩོམ་བྲིས་བྱས་པ་དང་བཙན་བྱོལ་བོད་གཞུང་གི་ལྟི་གནས་བཞུགས་སྒར་རྡ་རམ་ས་ལ་ངོ་སྤྲོད་བརྙན་པར་ཌེ་ལྦི་ཌི་ཞིག་བཟོ་སྐྲུན་བྱས་ཡོད་པ་རེད།
དེ་ཡང་རེས་གཟའ་སྤེན་པའི་ཉིན་བཙན་བྱོལ་བོད་གཞུང་གསར་འགྱུར་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འདི་ག་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་ཁང་གིས་གོ་སྒྲིག་གནང་བའི་འོག་འདི་ལོའི་བོད་མིའི་སྒེར་ལངས་སུམ་བཅུའི་དུས་དྲན་དང་སྟབས་བསྟུན་འདི་ག་ཨ་རིའི་ཁུལ་དུ་གནས་སྡོད་བྱེད་མཁན་རྒྱ་རིགས་གསར་འགོད་པ་དང༌། བརྙན་འཕྲིན། དྲ་རྒྱ། དུས་དེབ་སོགས་གསར་འགྱུར་ལས་རིགས་པ་མི་གྲངས་༡༧ལས་གྲུབ་པའི་་སྐུ་ཚབ་ཚོགས་པ་ཞིག་བཞུགས་སྒར་རྡ་རམ་ས་ལར་ཆེད་བཅར་ཞུས་ཏེ། ཁོང་ཚོས་ཉིན་ལྔ་རིང་བཞུགས་སྒར་དུ་འཚམས་འདྲི་བྱས་པའི་རིང་གཙོ་བོ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་བཅར་ཏེ། བོད་ཀྱི་གནད་དོན་སྐོར་ལ་བཀའ་འདྲི་ཞུས་པ་དང༌། དེ་བཞིན་དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དང་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག་ལ་བཀའ་འདྲི་ཞུས་པ། བཙན་བྱོལ་བོད་མིའི་གྲོས་ཚོགསགཙོས་པའི་བོད་གཞུང་གི་འབྲེལ་ཡོད་སྡེ་ཚན་ཁག་ཅིག་ནང་འཚམས་འདྲིར་བཅར་ཡོད་པ་རེད། དེ་རྗེས་ཁོང་ཚོ་ཨ་རིར་ཕྱིར་ལོག་བྱས་པའི་རྗེས། བཙན་བྱོལ་བོད་གཞུང་གི་ལྟི་གནས་བཞུགས་སྒར་རྡ་རམ་ས་ལར་འཚམས་འདྲི་བསྐྱོད་པའི་གནས་སྟངས་སྐོར་མི་རེ་ངོ་རེའི་ཐོག་ནས་རྒྱ་ཡིག་ནང་རྩོམ་བྲིས་བྱས་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ། ཤོག་གྲངས་༢༢༠བྱས་པའི་དཔེ་དེབ་ཞིག་པར་སྐྲུན་བྱས་ཡོད་པ་རེད།
ཉེ་ཆར་ཕྱི་ཟླ་༡༠པའི་ཚེས་༢༣ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཁེ་ན་ཌའི་གྲོང་ཁྱེར་ཀྲོ་རན་ཀྲོ་དུ་ཆིབས་བསྒྱུར་སྐབས་རྒྱ་རིགས་མཁས་དབང་དང་རྩོམ་བྲིས་པ་སོགས་ལས་རིགས་མི་འདྲ་བའི་རྒྱ་མི་རིགས་༣༠༠ཙམ་ལ་མཇལ་ཁ་བཀའ་སློབ་རྩལ་བའི་སྐབས་དཔེ་དེབ་དེའི་པར་ཕུད་གཅིག་དང༌། ཁོང་ཚོས་བཟོ་སྐྲུན་བྱས་པའི་བཞུགས་སྒར་རྡ་རམ་ས་ངོ་སྤྲོད་ཀྱི་བརྙན་པར་ཌི་ལྦི་ཌི་དུས་ཡུན་སྐར་མ་༢༠བྱས་པ་བཅས་འབུལ་ལམ་ཞུས་པ་རེད།།