ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག
2014.02.21
ཨ་མི་རི་ཀ་གཞུང་གིས་གསར་དུ་བསྐོ་གཞག་གནང་བའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་རྒྱལ་ས་བ་ཤིང་ཊོན་དུ་༸གོང་ས་མཆོག་མཇལ་འཕྲད་ཞུས་འདུག
དེ་ཡང་ཨ་མི་རི་ཀ་སྲིད་གཞུང་གིས་ལྕམ་Dr. Sarah Sewallམཆོག་ཨ་རིའི་ཞི་བའི་མི་མང་བདེ་འཇགས་དང་། མང་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་སྡེ་ཚན་འགན་འཛིན་དང་། བོད་དོན་དམིགས་བསལ་འབྲེལ་མཐུད་པ་གཅིག་ལྕོགས་སུ་བསྐོ་བཞག་གནང་ཡོད་པ་དང་། ཚེས་༢༡ཉིན་༧གོང་ས་མཆོག་སྲིད་འཛིན་ཕོ་བྲང་དཀར་པོའི་ནང་མ་ཕེབས་གོང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་མཆོག་གིས་༧གོང་ས་མཆོག་དང་མཇལ་འཕྲད་གནང་ཡོད་པ་རེད། ལྕམ་Dr. Sarah Sewallམཆོག་གིས་དེ་སྔོན་ཨ་རིའི་སྲིད་འཛིན་Bill Clintonམཆོག་གིས་གཞུང་འཛིན་གནང་སྐབས་ཞི་བདེ་སྲུང་སྐྱོབ་དང་། འགྲོ་བ་མིའི་རོགས་སྐྱོབ་ཚན་པའི་དྲུང་གཞོན་ལས་རོགས་ཀྱི་འགན་འཁུར་བཞེས་མྱོང་ཡོད་པ་རེད། ལྕམ་Dr. Sarah Sewallམཆོག་གིས་Harvard གཙུག་ལག་སློབ་གྲ་ཆེན་མོའི་ནང་མཐོ་རིམ་སློབ་དཔོན་གནང་ཡོད་པ་དང་། དེའི་སྔོན་དུ་གཙུག་ལག་སློབ་གྲ་དེའི་ནང་Carr Centerཞེས་འགྲོ་བ་མིའི་ཐོབ་ཐང་སྲིད་བྱུས་ལྟེ་གནས་ཁང་གི་འགན་འཛིན་གནང་ཡོད་པ་རེད། ཁོ་མོ་ནི་Harvardགཙུག་ལག་སློབ་གྲ་ཆེན་མོ་ནས་བསླབ་པ་མཐར་སོན་པ་མ་ཟད། Rhodes Scholar ཞེས་སྙན་གྲགས་ཅན་གྱི་སློབ་གཉེར་བའི་གྲས་སུ་འདེམས་ཐོན་བྱུང་སྟེ་སློབ་གཉེར་གནང་ཐུབ་པ་བྱུང་བའི་གྲས་ཡིན་པ་རེད།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ལྕམ་Dr. Sarah Sewallམཆོག་ཨ་རིའི་ཞི་བའི་མི་མང་བདེ་འཇགས་དང་། མང་གཙོ་། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་སྡེ་ཚན་འགན་འཛིན་ཐོག་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གཅིག་ལྕོགས་སུ་བསྐོ་བཞག་བྱུང་བར་འཚམས་འདྲི་གནང་འདུག ལྕམ་Dr. Sarah Sewall མཆོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྔ་པ་དེ་ཡིན་ཞིང་། དེའི་གོང་མ་རྣམས་ནི་Maria Oterioདང་། Paula Dobriansky, འདས་པོ་Julia Taft, Gregory Craigབཅས་ཡིན་པ་རེད། སྤྱི་ལོ་༢༠༠༢་ལོར་ཨ་མི་རི་ཀས་བོད་དོན་སྲིད་བྱུས་གཏན་འབེབས་གནང་བའི་དགོངས་དོན་ལྟར། ༧གོང་ས་མཆོག་གམ་གང་ཉིད་ཀྱི་སྐུ་ཚབ་ལྷན་དུ་བོད་རྒྱ་ཞི་མོལ་གནང་སྟེ་བོད་དོན་དཀའ་རྙོག་སེལ་ཐབས་གཙོ་གྱུར་གྱི་བོད་དོན་འབྲེལ་མཐུད་གནང་རྒྱུ་ཡིན་པ་རེད
གསར་འགོད་པ་ཚེ་བརྟན་རྣམ་རྒྱལ།