བོད་མི་གཉིས་ཕྱིར་འབུད།
2013.08.14
༄༅། བལ་ཡུལ་གྱི་མཐའ་སྲུང་ཉེན་རྟོག་པས་བལ་ཡུལ་ནང་སླེབས་པའི་བོད་མི་གཉིས་ལ་ལག་འཁྱེར་ཡིག་ཆ་མེད་པའི་ཉེས་མིང་འོག་འཛིན་བཟུང་བཀག་ཉར་དང་འདྲི་རྩད་བྱས་རྗེས་ཕྱིར་འབུད་བཏང་འདུག འདི་ལོའི་ཕྱི་ཟླ་༨ཚེས་༥ཉིན་བལ་ཡུལ་གྱི་མཐའ་སྲུང་ཉེན་རྟོག་པས་རང་ལོ་༢༤སོན་པའི་བུ་བསྟན་འཛིན་དང་རང་ལོ་༢༡ལ་སོན་པའི་བོུ་པདྨ་གཉིས་བལ་ཡུལ་གྱི་ས་འཚམས་གོར་ཁ་རྫོང་ཁོངས་ཀྱིས་ཧྥེ་ལམ་གྲོང་ཚོ་དང་ཐག་ཉེ་ནས་བལ་པོའི་མི་སེར་ཡིན་པ་ལམ་ཁྲིད་པ་གཅིག་དང་མཉམ་དུ་འཛིན་བཟུང་བྱས་འདུག བལ་པོའི་ཉེན་རྟོག་པས་ཁོང་ཚོར་འདྲི་རྩད་བྱས་པའི་རྗེས་སུ་ཁོང་གཉིས་བལ་ཡུལ་ནང་ཁྲིམས་མཐུན་སྒོ་ནས་འགྲུལ་བཞུད་བྱ་རྒྱུའི་ལག་འཁྱེར་མེད་པ་ཤེས་རྟོགས་བྱུང་ནས་འཛིན་བཟུང་གིས་བཀག་ཉར་ཁང་ལ་ཉིན་གྲངས་ཁ་ཤས་རིང་བཅུག་འདུག སྐབས་དེར་འདྲི་རྩད་མང་པོ་བྱས་པའི་རྗེས་སུ་བལ་ཡུལ་གྱི་ཉེན་རྟོག་པས་ཁོང་གཉིས་ཕྱི་ཚེས་༧ཉིན་རྒྱལ་ས་ཀཊ་མན་གྲུར་ཡོད་པའི་ཕྱི་མི་གཞིས་གཤེར་ལས་ཁུངས་ལ་རྩིས་བྱས་པ་དང་། ད་དུང་ཡང་ཁོང་གཉིས་ལ་འདྲི་ཞིབ་འདྲ་མིན་བྱས་པར་ཁོང་གཉིས་ཕ་ཡུལ་ལ་ལོག་རྒྱུའི་ཆེད་དུ་རྒྱ་གར་ནས་བལ་ཡུལ་ནང་ཡོང་བ་སོགས་ཤེས་རྟོགས་བྱུང་ནས་བལ་པོའི་སྒོར་མོ་སྟོང་ཁྲག་འགའ་ཤས་ཉེས་ཆད་བཏང་བའི་རྗེས་སུ་འདི་ཟླའི་ཚེས་༡༤ཉིན་བལ་ཡུལ་དང་རྒྱ་གར་གྱི་ས་མཚམས་ལ་ཕྱིར་འབུད་བཏང་འདུག ཁོང་གཉིས་ལོ་ཤས་གོང་བོད་ནས་འབྱོར་བ་དང་ད་རེས་བལ་ཡུལ་བརྒྱུད་ནས་ཕ་ཡུལ་བོད་ལ་ཕྱིར་ལོག་བྱེད་མཁན་ཡིན་འདུག དེང་སྐབས་བལ་ཡུལ་ཐོག་རྒྱ་ནག་གཞུང་གིས་གནོན་ཤུགས་ཀྱི་རྐྱེན་པས་བལ་ཡུལ་གཞུང་གིས་བོད་མི་སྤྱི་ཡོངས་དང་ལྷག་པར་དུ་ཁྲིམས་མཐུན་ལག་འཁྱེར་མེད་པའི་བོད་མིའི་ཐོག་དྲག་གནོན་ཆེན་པོ་བྱས་ནས་འཛིན་བཟུང་བཙོན་འཇུག་དང་དཔལ་འབྱོར་གྱི་ཉེས་ཆད་བཏང་སྟེ་བལ་ཡུལ་རྒྱལ་ཁོངས་ནས་ཕྱིར་འབུད་གཏོང་གི་ཡོད་པའི་གནས་ཚུལ་འདུག།