བོད་ཀྱི་བུད་མེད་རང་དབང་སྒེར་ལངས་ཐེངས་༦༠་པ་གང་སར་སྲུང་བརྩི།
2019.03.12
བཞུགས་སྒར་རྡ་རམ་སཱ་ལ་གཙོས་བོད་མི་གནས་སྡོད་བྱེད་ཡུལ་འཛམ་གླིང་ཡུལ་གྲུ་གང་སར་བོད་ཀྱི་བུད་མེད་རང་དབང་སྒེར་ལངས་ཐེངས་༦༠་པ་རྣམ་པ་འདྲ་མིན་ཐོག་གཞི་རྒྱ་ཆེན་པོས་སྲུང་བརྩི་གནང་འདུག
ཕྱི་ལོ་ ༢༠༡༩ཟླ་༣་པའི་སྤྱི་ཚེས་༡༢ཉིན་ནི། དེ་སྔ་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བུད་མེད་ཚོས་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་དམར་གྱིས་བོད་བཙན་འཛུལ་ལ་ངོ་རྒོལ་ཆེད་རང་དབང་སྒེར་ལངས་བྱས་པའི་དུས་དྲན་ཐེངས་༦༠པའི་ཉིན་མོ་ཡིན་པས། བཞུགས་སྒར་རྡ་རམ་སཱ་ལ་གཙོས་བོད་མི་གནས་སྡོད་བྱེད་ཡུལ་འཛམ་གླིང་ཡུལ་གྲུ་གང་སར་བོད་ཀྱི་བུད་མེད་རང་དབང་སྒེར་ལངས་ཐེངས་༦༠་པ་རྣམ་པ་འདྲ་མིན་ཐོག་གཞི་རྒྱ་ཆེན་པོས་སྲུང་བརྩི་གནང་འདུག་ཅིང་། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་ནང་གནས་ཞུགས་ལོ་དྲུག་བཅུའི་གོང་ལྷ་སའི་བེུད་སྒེར་ལངས་ཀྱི་ཉིན་ཞུགས་མྱོང་མཁན་ཨ་མ་ཚེ་དབང་དཔལ་མོ་ལགས་ཀྱང་མེ་སོར་གྲོང་ཁྱེར་ནང་བེུད་སྒེར་ལངས་ཀྱི་དྲན་གསོའི་ལས་འགུལ་ནང་མཉམ་ཞུགས་གནང་ཡོད་པ་རེད།
ཡང་ རྡ་རམ་སཱ་ལར་རྡ་ས་ཁུལ་གྱི་བཙུན་མ་དང་སློབ་ཕྲུག་གཙོ་བོར་བྱས་པའི་བུད་མེད་ཚོས་ཆོལ་གསུམ་དཔའ་བོའི་རྡོ་རིང་མདུན་དུ་འཛོམས་ནས་མཛད་སྒོ་ཚོགས་པ་དང་། རྡ་ཤོད་བར་ཚོར་ཤུགས་ཆེན་པོས་ངོ་རྒོལ་སྐད་འབོད་ཀྱིས་དུས་དྲན་སྲུང་བརྩི་གནང་འདུག
རྡ་རམ་ས་ལའི་མཛད་སྒོའི་ཐོག་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས། ཉིན་མོ་འདིར་བོད་ནང་གི་བུད་མེད་ཚོས་བློས་བཏང་ཆེན་པོ་གནང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་བ་དང་། དུས་དེ་ནས་བཟུང་གཞིས་ལུས་རྒྱ་ཆེའི་མི་མང་གི་སྙིང་སྟོབས་དང་ལྷག་བསམ་ལ་དྲན་གསོ་ཞུ་དགོས་པའི་ཉིན་མོ་ཞིག་ཆགས་ཡོད་ཅེས་དང་། རྒྱ་ནག་གཞུང་གིས་མུ་མཐུད་ནས་བོད་ནང་འཆར་གཞི་ལྡན་པའི་ཐོག་ནས་བོད་མིའི་ཆོས་དང་རིག་གཞུང་སྐད་ཡིག་སོགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པར་བརྟེན། རང་དབང་རྒྱལ་ཁབ་ནང་ཡོད་པའི་བོད་མི་ཚོར་འགན་ཆེན་པོ་ཡོད་པ་གསུངས་འདུག
བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས་བོད་ཀྱི་བུད་མེད་སྒེར་ལངས་ཐེངས་༦༠པའི་ཐོག་བུད་མེད་ལྷན་ཚོགས་ཀྱི་བསྒྲགས་གཏམ་སྙན་སྒྲོན་གནང་བའི་ནང་། ༡༩༥༩ཟླ་༣ཚེས་༡༢་ཉིན་བུད་མེད་སྒེར་ལངས་ཀྱི་བྱུང་རིམ་ལོ་རྒྱུས་དང་། དེས་བཙན་བྱོལ་ནང་གི་བུད་མེད་ཚོར་འཐབ་རྩོད་དེ་མུ་མཐུད་ནས་རྒྱུན་འཁྱོངས་བྱེད་རྒྱུའི་སྤོབས་པ་སྟེར་ཡོད་ཅེས་དང་། དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱ་གྲོས་མོལ་བསྐྱར་གསོ་གནང་རྒྱུ་དང་། རྒྱ་ནག་གཞུང་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་རྒྱུ་མཚམས་འཇོག་དགོས་པ་དང་། པཎ་ཆེན་རིན་པོ་ཆེ་གློད་གྲོལ་གཏོང་དགོས་པ་སོགས་ཞུ་འབོད་དོན་ཚན་ལྔ་ཞིག་བཏོན་གནང་ཡོད་པ་རེད།
ཡང་རྡ་རམ་ས་ལའི་གྲོང་སྡེ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཟུར་པ་ར་ཅི་ནི་ཝིས་ལགས་ཀྱིས་ལོ་རྒྱུས་ནང་བུད་མེད་ཚོས་རྒྱལ་ཁབ་ཀྱི་འཐབ་རྩོད་མང་པོ་གནང་ཡོད་པ་བཞིན་བོད་ཀྱི་བུད་མེད་ཚོས་ཀྱང་འཐབ་རྩོད་གནང་ཡོད་པ་དེར་རྒྱབ་སྐྱོར་དང་ཁྱེད་རང་ཚོའི་ཐབས་རྩོད་ལ་གདུང་སེམས་མཉམ་སྐྱེས་དང་རྒྱབ་སྐྱོར་ཡོད་ཅེས་གསུངས་ཤིང་།
བལ་ཡུལ་སྤོག་ར་གློ་སྒྲིག་འཛུགས་བྱམས་པ་གླིང་བོད་མིའི་གཞིས་ཆགས་སུ་བོད་ཀྱི་བུད་མེད་སྒེར་ལངས་ཉིན་མོ་སྲུང་བརྩི་ཞུས་གནང་བ་དང་། ས་གནས་བོད་ཀྱི་བེུད་ཚོགས་པའི་ཚོགས་གཙོ་ཀརྨ་ཆོས་སྒྲོན་ལགས་ཀྱིས། བལ་ཡུལ་ནང་བོད་མི་ཚོས་ཆབ་སྲིད་དང་འབྲེལ་བའི་གོམ་བགྲོད་དང་རྔམ་སྟོན་ཁྲོམ་སྐོར་ལས་འགུལ་རིགས་བཀག་སྡོམ་ཡོད་མིན་ལ་མ་བལྟོས་བར་དུས་དྲན་སྲུང་བརྩི་དང་། དེ་ནས་མཆོད་འབུལ་དང་མར་མེ་སྨོན་ལམ་གསུང་འདོན་གནང་ཡོད་པ་བརྗོད་ཡོད།
རྒྱ་གར་ཌེ་ར་ཌུན་ནང་དུས་དྲན་སྲུང་བརྩིའི་སྐབས་བུད་མེད་སྒེར་ལངས་ཀྱི་དུས་དྲན་ལ་ཆད་མེད་མཉམ་ཞུགས་གནང་མཁན་ཨ་མ་བསམ་སྐྱིད་ལགས་ཀྱིས། བུད་མེད་སྒེར་ལངས་ཀྱི་ཉིན་མོ་དེ་བཞིན་བོད་ཀྱི་བུད་མེད་སྟོང་ཕྲག་མང་པོའི་ཚེ་སྲོག་གི་འགྲོ་གྲོན་བཏང་སྟེ་བོད་ཀྱི་རྩ་དོན་ཆེད་སྒེར་ལངས་བྱས་པའི་ཉིན་མོ་ཡིན་སྟབས་ཉིན་མོ་དེ་བུད་མེད་ཉིན་མོ་ཞེས་སྤྲོ་སྐྱིད་བཏང་བའི་ཉིན་མོར་སྲུང་བརྩི་ཞུས་ན་མི་འགྲིག་པ་དང་། བུད་མེད་སྒེར་ལངས་ཀྱི་ཉིན་མོ་གཞན་དང་ནམ་ཡང་བརྗེ་བོ་རྒྱག་གི་མིན་ཞེས་སྔར་རྒྱུན་ལྟར་བུད་མེད་སྒེར་ལངས་ཐེངས་༦༠་པ་ཌེ་ར་ཌུན་བོད་མིའི་གཞིས་ཁུལ་ཁག་དྲུག་གི་བུད་མེད་ཐོུང་གིས་སྲུང་བརྩི་གནང་འདུག་ལ། གཞན་ཡང་རྒྱ་གར་བྱང་ཤར་དང་ལྷོ་ཕྱོགས་གཞིས་ཆགས་སོགས་བོད་མི་གནས་ཡུལ་གྱི་ས་གནས་མང་པོའི་ནང་དུས་དྲན་དེ་སྲུང་བརྩི་ཞུས་ཡོད་པ་རེད།