བོད་དོན་གསལ་ཚེ་རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་ཞི་ཐུབ།


2014.02.05
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་མེ་གྷ་ལ་ཡ་མངའ་སྡེས་སྐུ་མགྲོན་གྱི་ཆེ་བསྟོད་ཞུས་སྐབས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་མེ་གྷ་ལ་ཡ་མངའ་སྡེས་སྐུ་མགྲོན་གྱི་ཆེ་བསྟོད་ཞུས་པ།
པར། བོད་མིའི་སྒྲིག་འཛུགས།

བོད་དོན་བདེན་མཐའ་གསལ་ཚེ་རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་ཞི་ནས་ཞི་བདེའི་ཁོར་ཡུག་བསྐྲུན་ཐུབ་པ་སྲིད་སྐྱོང་གིས་གསུངས་འདུག
དེ་ཡང་ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། རྒྱ་གར་བྱང་ཤར་མེ་གྷ་ལ་ཡ་མངའ་སྡེའི་རྒྱལ་ས་ཤི་ལོང་དུ་གསར་འགོད་ལྷན་ཚོགས་ཐོག་གསར་འགོད་པ་ཚོའི་དྲི་བར་ལན་འདེབས་གནང་བའི་སྐབས་སུ། འཕགས་བོད་གཉིས་དབར་ལོ་ངོ་བརྒྱ་ཕྲག་རིང་ལོ་རྒྱུས་ཀྱི་འབྲེལ་བ་ཡོད་པར་བརྟེན། རྒྱ་གར་ལ་བོད་ཀྱི་གནད་དོན་སེལ་ཆེད་འགན་ཁུར་ཧ་ཅང་ཆེན་པོ་ཡོད་པ་ཙམ་མ་ཟད། རྒྱ་གར་གྱི་གཙོས་ཨེ་ཤི་ཡའི་རྒྱལ་ཁབ་ཚོའི་ས་བབ་དང་། ཁོར་ཡུག་གི་བརྟན་ལྷིང་། བདེ་འཇགས་ཐོག་ལའང་བསམ་བློ་གཏོང་སྐབས། བོད་རྒྱ་ཞི་མོལ་བརྒྱུད་ནས་བོད་ཀྱི་གནད་དོན་སེལ་རྒྱུར་རྒྱ་གར་གྱིས་རྒྱབ་སྐྱོར་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་ཅེས་དང་། དེ་རྗེས་གསར་འགོད་པ་ཞིག་གིས་རྒྱ་གར་ཨ་རུ་ནཱ་ཅལ་ས་མཚམས་སུ་རྒྱ་མིས་ཡང་ཡང་བཙན་འཛུལ་བྱས་པ་དེའི་སྐོར་དགོངས་ཚུལ་ཇི་ཡོད་དྲི་བ་ཞུས་པར་སྲིད་སྐྱོང་མཆོག་གིས་༡༩༡༤ལོར་བོད་གཞུང་དང་རྒྱ་གར་དབྱིན་གཞུང་དབར་གྲོས་མཐུན་བཞག་ནས་འཕགས་བོད་ཀྱི་ས་མཚམས་གཏན་འབེབས་གནང་ཡོད་པ་བཞིན་རྒྱ་གར་གྱིས་ས་མཚམས་རྩ་འཛིན་གནང་ས་ནི་མེཀ་མོ་ཧན་ས་ཐིག་གཞིར་བཞག་ཡིན་པ་དེའི་ཐད་ང་ཚོའི་ལངས་ཕྱོགས་ཧ་ཅང་གསལ་པོ་ཡོད་པ་དང་། བོད་རང་བཙན་ཡིན་སྐབས་རྒྱ་གར་དང་རྩོད་རྙོག་གང་ཡང་མེད་པ་ལྟར་བོད་དོན་བདེན་མཐའ་གསལ་ཚེ་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་ཞི་ནས་ཞི་བདེའི་ཁོར་ཡུག་བསྐྲུན་ཐུབ་རྒྱུ་ཡིན་པ་ལན་འདེབས་གནང་འདུག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་མེ་གྷ་ལ་ཡ་མངའ་སྡེས་སྐུ་མགྲོན་གྱི་ཆེ་བསྟོད་ཞུས་སྐབས།
དེ་བཞིན་རྒྱ་གར་མེ་གྷ་ལ་ཡ་མངའ་སྡེའི་སྲིད་སྐྱོང་དང་། སྤྱི་ཁྱབ་བློན་ཆེན་མཆོག་རྣམ་གཉིས་ཀྱིས་སྲིད་སྐྱོང་ལ་ཆེ་བསྟོད་ཀྱི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་མ་ཟད། གནས་ཚུལ་ནང་གསལ་ལྟར་ན། སྲིད་སྐྱོང་མཆོག་གིས་ང་ཚོས་བོད་ཀྱི་གནད་དོན་སེལ་ཐབས་སུ་འཚེ་མེད་ཞི་བ་དང་གྲོས་མོལ་གྱི་ལམ་ལ་ཡིད་ཆེས་བྱེད་བཞིན་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་དོན་བདེན་མཐའ་སེལ་ཐབས་སུ་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ཤར་སྐྱོད་བྱེད་རྒྱུའི་ཆོད་སེམས་ལ་འགྱུར་བ་མེད་པ་མ་ཟད། རྒྱ་ནག་གི་འགོ་ཁྲིད་གསར་པ་ཞི་ཅིན་ཕིང་གིས་བོད་ཀྱི་གནད་དོན་འཚེ་མེད་ཞི་བ་དང་། གྲོས་མོལ་གྱི་ལམ་ནས་སེལ་རྒྱུའི་ཆབ་སྲིད་ཀྱི་ཆོད་སེམས་དང་བློ་གྲོས་ཀྱི་སྒོ་མོ་ཡངས་པོར་ཕྱེ་སྟེ་བོད་མིའི་འགོ་ཁྲིད་དང་ལྷན་གྲོས་མོལ་བྱེད་རྒྱུའི་རེ་བ་བྱེད་བཞིན་ཡོད་པ་ཡང་གསལ་འདོན་གནང་འདུག  
གསར་འགོད་པ་དོན་གྲུབ་རྣམ་རྒྱལ་དང་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎