དྲིལ་བསྒྲགས་ཀྱི་ལས་འགུལ་ལ་ངོས་འཛིན་དང་སྐྱོན་བརྗོད།
2014.02.19
ཨ་རིའི་ནང་ཚོགས་འཆར་གྱི་ཨེ་ཤེ་ཡའི་རོལ་དབྱངས་དུས་སྟོན་དེ་བཞིན་རྒྱ་ནག་གི་དྲིལ་བསྒྲཊ་ལས་འགུལ་ལ་ངོས་འཛིན་དང་སྐྱོན་བརྗོད་གནང་འདུག
དེ་ཡང་ཨ་རིའི་སྙན་གྲགས་ཆེ་བའི་Stanfordགཙུག་ལག་སློབ་གྲྭ་ཆེན་མོའི་ནང་ཟླ་བ་འདིའི་ཚེས་༢༢ནས་བཟུང་Pan Asianཞེས་ཨེ་ཤེ་ཡ་ཆེན་པོའི་རོལ་དབྱངས་དུས་སྟོན་ཞིག་ཚོགས་འཆར་ཡོད་པ་དང་། དེ་ནི་ཟླ་བ་འདིའི་ནང་བོད་དུ་བོད་མི་གཉིས་ཀྱིས་སྐུ་ལུས་མེར་བསྲེགས་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་བྱས་བ་དང་། རྒྱ་གཞུང་གིས་བོད་མིའི་ཐོག་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་བའི་གནས་ཚུལ་རྣམས་ཨ་རིའི་མང་ཚོགས་ཁྲོད་བསམ་བློ་བསྒྱུར་ཐབས་ཆེད་དྲིལ་བསྒྲགས་ཀྱི་ལས་འགུལ་ཆེད་མངགས་སྤེལ་བ་ཞིག་ཡིན་པར་ངོས་འཛིན་གྱིས་བོད་དོན་རྒྱབ་སྐྱོར་བ་དང་། བོད་དོན་དོན་གཉེར་བ་ཚོས་སྐྱོན་བརྗོད་ཤུགས་ཆེ་གནང་འདུག
ཉེ་ཆར་ཨ་རིའི་Stanfordགཙུག་ལག་སློབ་གྲྭ་ཆེན་མོས་ཨེ་ཤེ་ཡ་ཆེན་པོའི་རོལ་དབྱངས་དུས་སྟོན་ཞིག་གོ་སྒྲིག་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་པ་དེ་ནི་རྒྱ་ནག་གི་རིག་གཞུང་ལྷན་ཁང་དང་། ཁུང་ཙི་བསྟི་གནས་ཁང་། གྲོང་ཁྱེར་San Franciscoནང་གི་རྒྱ་ནག་གཞུང་ཚབ་ཡན་ལག་ཁང་། བོད་རང་སྐྱོང་ལྗོངས་ས་གནས་སྲིད་གཞུང་ཟེར་བ་བཅས་ཟུང་འབྲེལ་ཐོག་གོ་སྒྲིག་བྱས་པ་ཞིག་ཡིན་པར་བཙན་བྱོལ་ནང་གི་བོད་མི་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད། གོང་ཞུས་རོལ་དབྱངས་དུས་སྟོན་དེ་འགོ་འཛུགས་ཀྱི་ཉིན་མོར་དུས་སྟོན་ཚུགས་ཡུལ་Stanfordགཙུག་ལག་སློབ་གྲྭ་ཆེན་མོའི་མདུན་བོད་མི་དང་། བོད་དོན་རྒྱབ་སྐྱོར་བ་མང་ཚོགས་བརྒྱ་ཕྲག་འགའ་ཤས་འཛོམས་ནས་ངོ་རྒོལ་གཞི་རྒྱ་ཆེན་པོ་ཞིག་གནང་རྩིས་ཡོད་པ་དང་། ངོ་རྒོལ་ལས་འགུལ་ཁྲོད་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་དང་། ཨ་རིའི་ནུབ་ཕྱོགས་ཁུལ་གྱི་བོད་རང་དབང་སློབ་ཕྲུག་ཚོགས་པ། San Franciscoས་གནས་གཞོན་ནུ་ཚོགས་པ། Stanfordབོད་ཀྱི་གྲོགས་པོ་ཚོགས་པ་བཅས་མཉམ་ཞུགས་བྱེད་རྒྱུ་ཡིན་འདུག གོང་ཞུས་རོལ་དབྱངས་ཀྱི་དུས་སྟོན་དེ་བོད་ཀྱི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའིSan Franciscoགྲོང་ཁྱེར་ནང་ཕེབས་ཞུགས་ཀྱིས་མང་ཚོགས་ལ་བཀའ་སློབ་བསྩལ་རྒྱུའི་མཛད་འཆར་དང་དུས་མཉམ་འཁེལ་གྱི་ཡོད་པ་རེད་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ།