ཐེ་ཝན་དང་རྒྱ་ནག་བར་གཞུང་འབྲེལ་བཀའ་མོལ་ཐེངས་དང་པོ།
2014.02.10
འབྲེལ་མོལ་སྐབས་ཐེ་ཝན་གྱི་ངོས་ནས་རྒྱ་ནག་གི་གསར་འགོད་རང་དབང་གི་གནད་དོན་སྐོར་གླེང་རྒྱུ་ཡིན་ལུགས་གསུངས་འདུག
དེ་ཡང་ཐེ་ཝན་གྱི་རྒྱ་ནག་སྐམ་ས་ཆེན་མོའི་གནད་དོན་ལས་ཁང་གི་དབུ་འཛིན་སྐུ་ཞབས་Wang Yu-chi ཡིས་ཚེས༡༡ཉིན་རྒྱ་ནག་གི་ཐེ་ཝན་ལས་དོན་གཙོ་འཛིན་Zhang Zhijunདང་མཇལ་འཕྲད་བཀའ་མོལ་ཐེངས་དང་པོ་གནང་རྒྱུ་ཡིན་པ་དང་། སྐབས་དེར་གསར་འགོད་རང་དབང་ནི་འཛམ་གླིང་ཁྱོན་ཡོངས་ལ་ཁྱབ་པའི་རིན་ཐང་ཞིག་ཡིན་པ་དང་། ཐེ་ཝན་གྱི་ངོས་ནས་རྒྱ་ནག་དང་ཐེ་ཝན་གྱི་གསར་འགྱུར་ཁག་རང་དབང་ཐོག་ནས་བརྗེ་ལེན་གནང་རྒྱུར་གལ་གནད་ཆེ་ཤོས་སུ་བརྩི་བཞིན་ཡོད་སྐོར་ཚེས་༡༠ཉིན་གསལ་སྟོན་གནང་ཡོད་པ་རེད། དེ་ལྟར་གསལ་སྟོན་གནང་དགོས་དོན་གཙོ་བོ་གོང་ཞུས་ཡུལ་གྲུ་གཉིས་དབར་གཞུང་འབྲེལ་བཀའ་མོལ་ཐེངས་དང་པོ་དེ་གནང་རྒྱུན་རིང་ཐེ་ཝན་གྱི་རྒྱལ་ས་Taipei་ནང་རྟེན་གཞི་བྱས་པའི་Apple Dailyཞེས་པའི་ཉིན་རེའི་གསར་ཤོག་དང་། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཚོས་གསར་འགྱུར་མཁོ་སྒྲུབ་ཆོག་པའི་ཆོག་མཆན་ཞུས་ཀྱང་རྒྱ་ནག་གཞུང་གིས་མ་གནང་བའི་རྗེས་སུ་ཐེ་ཝན་གྱིས་གོང་གི་གཏམ་བཤད་དེ་སྤེལ་གནང་བ་ཞིག་ཡིན་པ་རེད། ཡང་རྒྱ་ནག་གཞུང་གི་གནང་ཕྱོགས་དེ་ལ་ཐེ་ཝན་གྱི་གསར་འགོད་ལྷན་ཚོཌ་དང་། རྒྱལ་སྤྱིའི་གསར་འགོད་ལྷན་ཚོཌ་ཀྱིས་རྒྱ་ནག་གཞུང་གིས་གསར་འགོད་རང་དབང་ཐོག་དམ་བསྒྲགས་ཤུགས་ཆེ་བྱེད་ཀྱི་ཡོད་པའི་ར་སྤྲོད་གསལ་པོ་ཐུབ་ཡོད་པ་དང་། དེ་ནི་གསར་འགོད་པ་ཚོའི་ཐོག་རྒོལ་རྡུང་བཏང་བ་ཡིན་ལུགས་སྐྱོན་བརྗོད་ཀྱང་གནང་འདུག ཐེ་ཝན་དང་རྒྱ་ནག་གཉིས་ཕྱི་ལོ་༡༩༤༩་ལོར་རྒྱལ་ཁབ་སོར་སོར་ཆཌ་པའི་རྗེས་སུ་ཡུལ་གྲུ་གཉིས་དབར་གཞུང་འབྲེལ་བཀའ་མོལ་ཐེངས་དང་པོ་དེ་གཟའ་མིག་དམར་ཚེས་༡༡ཉིན་རྒྱ་ནག་གི་ཤར་ཕྱོགས་Jiangsuཞིང་ཆེན་Nanjing གྲོང་ཁྱེར་ནང་གནང་འཆར་ཡོད་པ་དང་། དེ་ནས་ཐེ་ཝན་གྱི་སྐུ་ཚབ་Wang Yu-chiརྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་ལ་ཕེབས་འཆར་ཡོད་པ་རེད།
གསར་འགོད་པ་བསོད་ནམས་ལྷ་མོ།