བོད་དོན་འཐབ་རྩོད་ཀྱི་གྱོང་གུན།


2013.10.08
གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་མི་ལོ༤༤འཁོར་བ། ཕྱི་ཚེས་༠༧ཉིན་བཞུགས་སྒར་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་མི་ལོ་༤༤འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཡོད་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། བསྟན་འཛིན་དོན་ཡོད།

མ་ཤེས་རྨོངས་པའི་དབང་གི་བྱ་སྤྱོད་ཀྱིས་༧གོང་ས་མཆོག་ཐུགས་ཕམ་ཡོང་གཞིའི་གནས་ཚུལ་བྱུང་བ་ནི། བོད་སྤྱི་པའི་ཕམ་ཉེས་ཤིག་དང་བོད་དོན་འཐབ་རྩོད་ཀྱི་གྱོང་གུན་ཞིག་ཆགས་ཡོད་ཟེར།

བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་༤༤ འཁོར་བའི་མཛད་སྒོ་དེ་བཞུགས་སྒར་བོད་ཀྱི་ཟློས་གར་ཚོགས་པའི་རྩེད་ཐང་དུ་ཚོགས་ནས། བོད་དོན་ཆེད་གཅེས་པའི་ལུས་སྲོག་བློས་གཏོང་གནང་མཁན་འདས་གསོན་ཡོངས་ལ་མྱ་ངན་དང་རྗེས་དྲན་ཞུས་ཡོད་པ་རེད།

མཛད་སྒོའི་སྐུ་མགྲོན་གཙོ་བོར་ཧི་མ་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་ཆམ་བློན་ཆེན་མཆོག་གཙོས་པའི་སྐུ་ཚབ་དང་མི་དམངས་བཅས་ཁྱོན་མི་གྲངས་༢༠༠ ལྷག་ཕེབས་ཡོད་པ་དང་། གཞོན་ནུའི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་གཏམ་བཤད་གནང་སྐབས། འདས་པའི་ལོ་ངོ་བཅུ་ཕྲག་གཅིག་ཙམ་གྱི་རིང་དུས་འགྱུར་དང་། ཕྱི་ནང་གི་རྒྱུ་རྐྱེན། དེ་བཞིན་གཞོན་ལྷན་དབུས་རྒྱུན་ནང་ཁུལ་གྱི་མཐུན་ལམ་དང་ཕྱག་ལས་གནང་ཕྱོགས་ཕྲན་བུ་ལ་བརྟེན་ནས་རིམ་པས་གཞོན་ནུའི་སྒྲིག་འཛུགས་ཀྱི་གནས་བབས་ལ་དོ་ཕོག་དང་། ཕྱོགས་མཚུངས་བོད་དོན་འཐབ་རྩོད་ཀྱི་ནུས་པ་ཡང་ཉམས་ཞན་དུ་སོང་ཡོད། དེ་བས་ཀྱང་ཆེས་བློ་ཕམ་པ་ཞིག་ནི་རང་ཅག་བོད་འབངས་ལྷ་མི་ཀུན་གྱི་སྐྱབས་གནས་དམ་པ་༧གོང་ས་མཆོག་ཐུགས་ཕམ་ཡོང་གཞིའི་གནད་དོན་ཡང་བྱུང་ཡོད། གནད་དོན་འདི་ནི་སྒྲིག་འཛུགས་བྱེ་བྲག་པ་ཞིག་གི་ཕམ་ཉེས་མ་ཡིན་པར་བོད་སྤྱི་པའི་ཕམ་ཉེས་ཤིག་དང་། བོད་དོན་འཐབ་རྩོད་ཀྱི་གྱོང་གུན་ཞིག ད་དུང་རང་ཅག་གངས་ཅན་ལྷ་མི་ཀུན་གྱི་སྐྱོ་གནས། ལྷག་བསམ་ཅན་གྱི་གཞོན་ལྷན་ཚོགས་མི་ཀུན་གྱི་བློ་ཡུལ་ལ་གཤོང་དཀའ་བའི་བློ་འགྱོད་ཅིག་ཡིན་སྟབས། སྐབས་ ༡༥ པའི་གཞོན་ལྷན་ཚོགས་ཆེན་གྱི་ངོས་ནས་དང་། སྐབས་ ༡༥ པའི་དབུས་རྒྱུན་ངོས་ནས་ཀྱང་གཞོན་ལྷན་སྒྲིག་འཛུགས་ཀྱིས་༧གོང་ས་མཆོག་ལ་ཐུགས་ཕམ་བྱུང་གཞིའི་མ་ཤེས་རྨོངས་པའི་དབང་གིས་ལས་ངན་བསགས་ཡོད་པར་གདུང་ཤུགས་དྲག་པོས་འགྱོད་བཤགས་བཟོད་གསོལ་དང་། སླད་མར་ཡང་འདི་རིགས་མི་འབྱུང་བའི་ཁས་ལེན་དམ་བཅའ་གཙང་མ་ཞུས་ཏེ་༧གོང་ས་མཆོག་ལྷ་དགོངས་གསལ་དྭངས་ཡོང་བའི་མཚན་འཁོད་ཞུ་སྙན་ཕུལ་ཡོད་སོགསགསུངས་འདུག

དེའི་རྗེས་སྐུ་མགྲོན་གཙོ་བོ་འགྲིམས་འགྲུལ་བློན་ཆེན་མཆོག་གིས། ལོ་ངོ་༤༤ རིང་ལ་བོད་དོན་འཐབ་རྩོད་གནང་བའི་ལས་དོན་ལ་བསྔགས་བརྗོད་གནང་བ་མ་ཟད། མུ་མཐུད་ནས་རྒྱུན་འཁྱོངས་བྱ་དགོས་པ་དང་། ལྷག་དོན་མངོན་འདོད་འགྲུབ་པར་ལངས་ཕྱོགས་ལ་ཁྱད་པར་མེད་ལུགས་དང་། དེ་སྔ་རྒྱ་གར་རང་བཙན་འཐབ་རྩོད་བྱེད་པའི་སྐབས་ལངས་ཕྱོགས་འདྲ་མིན་ཡོད། བོད་པར་རང་དབང་འཐོབ་རྒྱུའི་བོད་པའི་མངོན་འདོད་དེ་རིང་པོར་མི་འགོར་བར་གྲུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ལ་རྒྱ་གར་མི་དམངས་ས་ཡ་མང་པོས་བོད་པའི་རང་དབང་འཐབ་རྩོད་ཐོག་མངོན་གསལ་གྱིས་རྒྱབ་སྐྱོར་བྱེད་ཀྱི་མེད་ཀྱང་སེམས་འཁུར་བྱེད་ཀྱི་ཡོད་པས་བོད་མི་ཚོའི་ངོས་ནས་ཀྱང་ལངས་ཕྱོགས་འདྲ་མིན་གྱི་ཐོག་ནས་བོད་རང་དབང་འཐབ་རྩོད་བྱེད་་དགོས་པའི་གཏམ་བཤད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎