བོད་མི་བཙན་ཁྲིད་དང་གར་སོང་ཤེས་རྟོག་མེད་པའི་སྙན་ཐོ།
2012.10.31
དེ་ཡང་བཙན་ཤེད་དང་འདོད་པ་མེད་བཞིན་དུ་གར་སོང་ཆ་མེད་དུ་བཏང་པའི་མི་སྣ་ཚོའི་བདེ་དོན་གནང་མཁན་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ལས་དོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་༩༨པ་དེ་སང་ཉིན་གནང་གི་ཡོད་པའི་སྔ་ནུབ་དེར། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་བསྟི་གནས་ཁང་གིས་ བོད་ནང་བོད་མི་མང་པོ་དེང་སྐབས་གློ་བུར་འཛིན་བཟུང་གིས་གར་སོང་ཆ་མེད་དུ་འགྱུར་བཞིན་ཡོད་པའི་སྐོར་གྱི་ཕྱོགས་བསྡོམས་སྙན་ཐོ་ཞིག་འགྲེམས་སྤེལ་གནང་འདུག།
བཙན་ཤེད་ཀྱིས་གར་སོང་ཆ་མེད་དུ་བཏང་བ་ནི་རྒྱལ་སྤྱིའི་ནག་ཉེས་ཚབས་ཆེ་ཞིག་ཡིན་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་དང་ འགྲོ་བ་མིའི་ཐོབ་ཐང་ཐོག་གི་རྒྱལ་སྤྱིའི་ཁྲིམས་གཞི་ཆེ་ཁག་ཚང་མ་དང་འགལ་འཛོལ་བྱས་པ་ཞིག་ཡིན་སྐོར་གོང་ཞུས་སྙན་ཐོ་དེའི་ནང་བཀོད་ཡོད་པ་དང༌། རྒྱ་ནག་གི་དབང་བསྒྱུར་འོག་ཚུད་པའི་བོད་ནང་ཉིན་ལྟར་བོད་མི་མང་པོ་འབོར་བརླག་ཏུ་འགྲོ་གི་ཡོད་པའི་གནས་སྟངས་ཇེ་སྡུག་ཏུ་འགྲོ་གི་ཡོད་པ་བཞིན། རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་བཅུ་ཕྲག་མང་པོའི་རིང། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་གྱི་ཆིགས་སྒྲིལ་དང་བརྟན་ལྷིང་ལ་ཉེན་ཁ་ཡོད་ཁུལ་བཤད་ཏེ་རྒྱ་གཞུང་ལ་སྐྱོན་བརྗོད་དང་ངོ་རྒོལ་བྱེད་མཁན་བོད་མི་ཚོར་མ་ཉེས་ཁ་གཡོག་བཙུགས་ཏེ་གང་བྱུང་འཛིན་བཟུང་གིས་སུས་ཀྱང་གར་ཡོད་རྩད་གཅོད་མ་ཐུབ་པ་བཟོ་གི་ཡོད་པའི་སྐོར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་བསྟི་གནས་ཁང་གིས་འགྲེལ་བརྗོད་གནང་འདུག་ལ། བོད་ནང་གི་རྒྱ་མིའི་བདེ་འཇགས་དཔུང་དམག་ལྷག་པར་དུ་སྤྱི་བདེ་ཉེན་རྟོག་ལས་ཁུང་དང༌།
དྲག་ཆས་ཉེན་རྟོག་དམག་བཅས་ཀྱིས་བཙན་ཤེད་ཀྱིས་གར་སོང་ཆ་མེད་དུ་བཏང་བའི་ལམ་ནས་བཙན་ཁྲིད་བྱས་པའི་བོད་མི་དང་བོད་མི་དེའི་ཁྱིམ་ཚང་།
དེ་བཞིན་ཉེ་འཁོར་མི་མང་བཅས་ལ་འཇིགས་སྐུལ་དང་སྡིག་ར་སྐུལ་གྱི་ཡོད་པའི་གནས་ལུགས་གསལ་བཏོན་གནང་སྟེ། བོད་ནང་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང༌། བྱ་བྲལ་རིན་པོ་ཆེ་སོགས་དཔེ་མཚོན་དུ་དྲང་གནང་འདུག།
གོང་ཞུས་སྙན་ཐོ་དེའི་མཐའ་བསྡོམས་སུ། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང༌། འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས། དེ་བཞིན་རྒྱལ་སྤྱིའི་ཡུལ་ཁག་ཚོར་ བོད་ནང་རྒྱ་གཞུང་གིས་བོད་མི་མང་པོ་གང་བྱུང་འཛིན་བཟུང་དང་འབྲེལ་མི་དེ་རྣམས་མཐོང་རྒྱུ་མེད་པ་བཟོ་གི་ཡོད་པའི་ལམ་སྲོལ་དེ་དག་འགོག་ཐབས་ཀྱི་གནང་དགོས་པའི་སྐུལ་མ་གནང་ཡོད་ཅིང༌།
སང་ཉིན་ཚོགས་གནང་རྒྱུའི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ལས་དོན་ཚོགས་ཆུང་གི་ལྷན་འཛོམས་སར་བོད་ནང་གི་འབྲེལ་ཡོད་གནད་དོན་ཐོག་གྲོས་མོལ་གནང་དགོས་པའི་འབོད་སྐུལ་ཡང་ཞུས་གནང་འདུག།