རྒྱ་ནག་གི་འགོ་ཁྲིད་ཁ་ཤས་འཛིན་བཟུང་བཀའ་རྒྱ་བཏང་འདུག
2014.02.10
སི་པན་ཁྲིམས་ཁང་གིས་རྒྱ་ནག་གི་སྲིད་འཛིན་ཟུར་བ་ཅང་ཙེ་མིན་གཙོ་བའི་འགོ་ཁྲིད་ཁ་ཤས་འཛིན་བཟུང་བྱེད་དགོས་བཀའ་རྒྱ་བཏང་འདུག
དེ་ཡང་ཚེས་༡༠ཉིན་སི་པན་གྱི་རྒྱལ་ས་མ་རྡི་རེ་རྡི་ནས། རོའོ་ཀྲར་གསར་སྤེལ་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། སི་པན་གྱི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཨ་སི་མེལ་མི་རེ་ནོ་ཡིས། རྒྱ་ནག་གི་སྲིད་འཛིན་ཟུར་བ་ཅང་ཙེ་མིན་དང་། སྲིད་བློན་ཟུར་བ་ལེ་ཕིན་གཉིས་གཙོས་པའི་རྒྱ་ནག་འགོ་ཁྲིད་ཁ་ཤས་ཀྱིས་བོད་ནང་བོད་མི་རིགས་རྩ་མེད་བཟོ་བའི་སྲིད་ཇུས་ལག་བསྟར་བྱས་ཡོད་པས། རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ནས་ཁོང་རྣམས་འཛིན་བཟུང་བྱེད་རྒྱུའི་བཀའ་རྒྱ་བཏང་བ་དང་རེ་འབོད་གནང་ཡོད་པ་རེད།
དེ་ནི་འདས་པའི་ལོ་ཁ་ཤས་སྔོན་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཁག་ཅིག་གིས་། ལོ་རབས་ ༨༠དང་༩༠ ནང་རྒྱ་ནག་གི་སྲིད་འཛིན་ཟུར་བ་ཅང་ཙེ་མིན་དང་། སྲིད་བློན་ཟུར་བ་ལེ་ཕིན་གཉིས་གཙོས་པའི་འགོ་ཁྲིད་ཁག་ཅིག་གིས་བོད་ནང་བོད་མི་རིགས་རྩ་མེད་བཟོ་བའི་སྲིད་ཇུས་ལག་བསྟར་བྱས་ཡོད་པར་ཉེས་འཛུགས་ཀྱིས་སི་ཕན་ཆེས་མཐོའི་ཁྲིམས་ཁང་ལ་ཁྲིམས་གཏུགས་བྱས་པ་ལྟར། སི་པན་ཁྲིམས་ཁང་གིས་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཁྱབ་ཁོངས་དབང་ཚད་གཞིར་བཟུང་རྒྱ་ནག་གི་སྲིད་འཛིན་ཟུར་བ་ཅང་ཙེ་མིན་དང་། སྲིད་བློན་ཟུར་བ་ལེ་ཕིན་སོགས་འཛིན་བཟུང་བྱེད་དགོས་པའི་བཀའ་ཁྱབ་བཏང་ཡོད་པ་རེད། སི་པན་ཁྲིམས་ཁང་གིས་རྒྱ་ནག་གི་དཔོན་རིགས་ཚོས་བོད་ནང་མི་རིགས་རྩ་མེད་ཀྱི་སྲིད་བྱུས་ལག་བསྟར་བྱས་པའི་ཉེས་བཙུགས་གྱོད་དོན་ལ་ཞིབ་འཇུག་བྱས་ནས་ཉེས་པ་ཡོད་པ་ཕྱིར་བསྒྲགས་བྱས་པའི་རྗེས་ རྒྱ་ནག་གཞུང་གིས་སི་པན་ཁྲིམས་ཁང་གི་ཁྲིམས་ཐག་ལ་འགྱུར་བ་གཏོང་དགོས་བ་སི་པན་གཞུང་ལ་དཔལ་འབྱོར་དང་། ཕྱི་འབྲེལ་ཕྱོགས་ཡོངས་ནས་གནོན་ཤུགས་སྤྲོད་བཞིན་ཡོད་པ་དང་། བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ཉིན། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་སི་པན་ཁྲིམས་ཁང་ལ་སྐྱོན་བརྗོད་དང་འབྲེལ་རྒྱ་ནག་གི་འགོ་ཁྲིད་ཚོར་ཉེས་འཛུགས་མཚམས་འཇོག་བྱེད་དགོས་ཚུལ་བསྐྱར་དུ་བཤད་ཡོད་པ་རེད།
གསར་འགོད་པ་འཆི་མེད།