ཆུང་མ་གློད་གྲོལ་དང་ས་གནས་སུ་དམ་དྲག


2013.12.09
རྨེ་རུ་མ་ཞང་ཐོག་ཏུ་དམ་བསྒྲགས། དཀོན་མཆོག་ཚེ་བརྟན་ལགས་ཀྱིས་རང་ལུས་མེ་སྲེག་བཏང་སྐབས་ཀྱི་འདྲ་པར།
བོད་ནས་བཏང་བ།

རྒྱ་ནག་གིས་འཛིན་བཟུང་བྱས་བའི་དཀོན་མཆོག་ཚེ་བརྟན་ལགས་ཀྱི་ཆུང་མ་གློད་གྲོལ་བཏང་ཡོད་ཀྱང་ས་གནས་སུ་མུ་མཐུད་དམ་དྲག་བྱས་བསྡད་ཡོད་པ་རེད་འདུག

དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན། ཉེ་སྔོན་ཕྱི་ཟླ་༡༢་པའི་ཚེས་༣་ཉིན་རྔ་བ་རྗོང་ཁོངས་གི་རྨེ་རུ་མའི་གྲོང་ཚོར་། བོད་དོན་ཆེད་རང་ལུས་མེར་བསྲེགས་བཏང་ནས་འདས་གྲོངས་སུ་ཕྱིན་པའི་དཀོན་མཆོག་ཚེ་བསྟན་ལགས་ཀྱི་བཟའ་ཟླ་རྣམ་སྣང་ལགས། ཉིན་དེར་རྒྱ་ནག་གི་འབྲེལ་ཡོད་ཚན་པས་འཛིན་བཟུང་བྱས་ཡོད་ཀྱང་། ཉིན་ཤས་རྗེས་སུ་གློད་གྲོལ་བཏང་ཡོད་པ་རེད། འོན་ཀྱང་རྨེ་རུ་མ་ཞང་ཐོག་ཏུ་རྒྱ་ནག་གི་དམག་མིས་བོད་མིའི་རླངས་འཁོར་དང་། འཕྲུལ་རྟ་མང་པོ་བཙན་འཕྲོག་གིས་བོད་མི་ཚོར་གཅར་རྡུང་དང་མུ་མཐུད་དམ་དྲག་བྱེད་བཞིན་པ་གནས་ཚུལ་ངོ་སྤྲོད་པས་བརྗོད་ཡོད།

དཀོན་མཆོག་ཚེ་བརྟན་ལགས་ཀྱིས་རྔ་བ་རྫོང་གི་རྨེའུ་རུ་ཞང་དུ་རང་ལུས་མེར་བསྲེགས་གནང་སྐབས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ནང་གདན་འདྲེན་དང་། བོད་གཞིས་བྱེས་ལྷན་འཛོམས་ཞེས་སྐད་འབོད་གནང་ཡོད་པ་རེད། སྐབས་དེ་དུས་ཁོང་རྒྱ་མིའི་ལག་ཏུ་མ་ཤོར་བའི་ཆེད་བོད་མི་དང་། ཉེན་རྟོག་པའི་དབར་འཁྲུགས་འཛིང་བྱུང་སྐབས་ཁོང་གི་བཟའ་ཟླ་རྣམ་སྣང་དང་བོད་མི་ཁག་ཅིག་འཛིན་བཟུང་བཙན་འཁྲིད་བྱས་པ་ཡིན་པ་རེད་། དེ་ནས་རྒྱ་མིའི་ཉེན་རྟོག་པས་ཁོང་འབར་ཁམས་ཕྱོགས་སུ་བཙན་ཁྱེར་བྱེད་བཞིན་པའི་ལམ་ཁར་འདས་གྲོངས་སུ་ཕྱིན་པ་རེད་།

གནས་ཚུལ་དེ་བྱུང་མ་ཐག་མདོ་སྨད་རྔ་བ་རྫོང་གི་རྨེའུ་རུ་མ་ཞང་ཐོག་ཏུ། རྒྱ་ནག་གཞུང་གི་དྲག་ཆས་ཉེན་རྟོག་པ་འབོར་ཆེན་འབྱོར་ཏེ། བོད་མི་མང་པོར་གང་བྱུང་གིས་གཅར་རྡུང་དང་། འཛིན་བཟུང་བྱས་ཡོད་པ་མ་ཟད། རྨེ་རུ་མ་ཞང་ཐོག་ཏུ་ད་རུང་ཡང་དམ་དྲག་ཧ་ཅང་ཆེན་པོ་བྱས་ཏེ། ས་གནས་བོད་མི་རྣམས་ས་ཆ་གཞན་གང་དུའང་འགྲོ་བསྐྱོད་མི་ཐུབ་པར་བཟོས་ཡོད་པ་མ་ཟད། ས་གནས་གཞན་གྱི་མི་རྨེའུ་རུ་མའི་ནང་དུ་ཡོང་མི་ཐུབ་པར་བཟོས་ཡོད་པ་དང་། གནས་ཚུལ་དངོས་སུ་མཐོང་མཁན་ཅིག་གིས་བརྗོད་དོན། དཀོན་མཆོག་ཚེ་བརྟན་གྱིས་རང་ལུས་མེར་སྲེག་སྐབས་ལུས་ཡོངས་སྲིང་བལ་དཀྲིས་ཐོག་ལྕགས་སྐུད་བསྡམས་ཏེ། སྐུ་ལུས་ལ་ན་ཟུག་ཙམ་ཡང་མེད་པའི་རྣམ་པའི་སྒོ་ནས་ངོ་རྒོལ་གནང་བ་མཐོང་བྱུང་ཅེས་འགྲེལ་བརྗོད་གནང་འདུག

གསར་འགོད་པ་ཀརྨ་རྡོ་རྗེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎