པེ་ཅིན་ལ་ཞུ་གཏུགས།
2013.08.22

༄༅། །ང་ཚོ་རླུང་འཕྲིན་ཁང་ལ་འདྲ་པར་དང་བཅས་གནས་ཚུལ་འབྱོར་གསལ་ལྟར་ན། མཚོ་སྔོན་ཡུལ་ཤུལ་ཁུལ་དགེ་འབྲོང་རྫ་སྟོད་རྫོང་ཁོངས་ཀྱི་ཨ་སྟོད་ཡུལ་ཚོ་དང་། སྤྱི་རྫ་ཡུལ་ཚོ། རྫ་ཆེན་ཡུལ་ཚོ་བཅས་སུ་རྒྱ་མིས་གཏེར་ཁ་སྔོག་འདོན་བྱེད་པར་ས་གནས་བོད་མི་ཚོས་བཀག་འགོག་དང་ངོ་རྒོལ་བྱས་ཡོད་ཀྱང་། ཕན་འབྲས་མ་བྱུང་བའི་ཐོག་གློ་བུར་རྒྱ་ནག་གི་དྲག་ཆས་དམག་མི་རླངས་འཁོར་མང་པོ་བཏང་ནས་ས་གནས་བོད་མིའི་ཐོག་དུག་རླངས་བཏང་བ་སོགས་དྲག་གནོན་བྱས་པ་དང་། ས་གནས་བོད་མི་མི་ཉུང་བ་འཛིན་བཟུང་དང་། མུ་མཐུད་འཛིན་བཟུང་གི་ཉེན་བརྡ་གཏོང་བཞིན་པའི་ཐོག ས་གནས་ཡོངས་སུ་དམག་གིས་བཟུང་བསྡད་ཡོད་འདུག
གནད་དོན་འདིའི་ཐོག་ས་གནས་བོད་མི་ཞིག་གིས་བརྗོད་དོན། ད་ཐེངས་བོད་མི་ཚོས་རྒྱ་ནག་གི་གཏེར་འདོན་ཚན་པར་ངོ་རྒོལ་བྱས་པ་ནི། རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་མེད་ལ། དཔོན་རིགས་ཚོའི་གཏམ་བཤད་དང་མཐུན་ཡོད། ལྷག་པར་གཏེར་ཁ་སྔོག་ཁུལ་མང་ཆེ་བ་རྒྱ་ནག་དབུས་གཞུང་གིས་ཁས་ལེན་གཏན་འབེབས་བྱས་པའི་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁུལ་ཡིན་པ་དང་། དེའི་ཐད་རྒྱ་ནག་དབུས་གཞུང་གིས་རྒྱ་སྒོར་ས་ཡ་མང་པོ་བཏང་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་འདྲ་མིན་སྤེལ་བ་བཤད་བཞིན་པ་རེད། དེར་བརྟེན་ས་གནས་བོད་མིའི་འདོད་བློ་དང་མ་བསྟུན་པ་དང་། འཛིན་བཟུང་བྱས་བའི་བོད་མི་རྣམས་མ་བཏང་བར། ས་གནས་སུ་དོན་ཕན་གང་ཡང་མ་བྱུང་ཚེ། གོང་རིམ་པེ་ཅིན་ལ་ཞུ་གཏུགས་བྱེད་པར་འགྲོ་འཆར་ཡོད་པ་སོགས་གསུངས་སོང་།
ཁོང་གིས་མུ་མཐུད་དུ། དང་པོ་ནས་བོད་མི་ཚོས་ས་གནས་སུ་གཏེར་ཁ་སྔོག་འདོན་ལ་ངོ་རྒོལ་དང་། ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུ་ནི། རྒྱ་ནག་གི་གཙོ་འཛིན་གསར་པ་ཞི་ཅིན་ཕིན་གྱིས་ཚོགས་ཆེན་ཐོག རང་བྱུང་ཁོར་ཡུག་སྲུང་སྐྱོིབ་དང་། རྒྱལ་ཁབ་ཀྱི་ཐོན་ཁུངས་གཏེར་རྫས་སྲུང་སྐྱོབ་བྱ་རྒྱུ་ནི། སྤྱི་འབངས་ཡོངས་ཀྱི་འོས་འགན་ཡིན་པ་སོགས་གཏམ་བཤད་སྤེལ་བ་འཕྲེད་དར་ཐོག་བོད་ཡིག་དང་། རྒྱ་ཡིག་གཉིས་ཐོག་བཀོད་ནས་གཏེར་སྲུང་བྱས་བར་བརྩི་འཇོག་བར་ས་གནས་བོད་མི་ཚོས་དེ་བས་བློ་ཕམ་བྱེད་བཞིན་འདུག ཅེས་གསུངས་སོང་།
དེ་ཐད་རྒྱ་ནག་གི་གསར་ལམ་ཁག་ལ་འཁོད་དོན། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁུལ་ལ་རྒྱ་ནག་གིས་ཉེ་ལམ་ནས་རྒྱ་སྒོར་ཐེར་འབུམ་བདུན་དང་། དུང་ཕྱུར་ལྔ་ལྷག་བཏང་ནས། སྐྱེ་ཁམས་སྲུང་སྐྱོབ་དང་། འཛུགས་བསྐྲུན་བཟོ་བསྐྲུན་བྱེད་བཞིན་ཡོད་པ་དང་། དེ་ནི་གཙོ་བོ་མཚོ་སྔོན་ཡུལ་དང་། མགོ་ལོག རྨ་ལྷོ། མཚོ་ལྷོ་སོགས་རང་སྐྱོང་ཁུལ་བཞི་དང་། ན་གོར་མོ་གྲོང་ཁྱེར་གྱི་གྲོང་བརྡལ་བདུན་ཅུ་ལ་ཁྱབ་ཡོད་པ་སོགས་འཁོད་འདུག གནས་ཚུལ་ལྟར་ན། ཡུལ་ཤུལ་དགེ་འབྲོང་རྫ་སྟོད་ཕྱོགས་སུ་གཏེར་ཁ་ཡོད་པ་ལོ་སྔོན་མ་ནས་ཤེས་རྟོགས་བྱུང་བ་དང་། ༢༠༡༢ ལོའི་ཕྱི་ཟླ་༧ ནང་རི་བོ་རྫ་ཆེན་དུ་གཏེར་རྐོ་མང་པོ་འབྱོར་སྐབས་ས་གནས་མི་མང་གིས་ངོ་རྒོལ་དང་། བཀག་འགོག་བྱེད་ཐབས་བྱས་ཡོད་འདུག།